ཨན་ཌོ་དང་ཀུ་ཤུ་ཞིབ་བསྡུར།

ཨན་ཌོ་དང་ཀུ་ཤུ་ཞིབ་བསྡུར།

གློག་རྫས། ཨན་ཌོ་དང་ཀུ་ཤུ་གཉིས་ཀས། ཁ་པར་ནང་གི་བཀོལ་ཆས་རེ་རེ་ཡིས་ཁ་པར་གྱི་གློག་རྫས་ག་ཚོད་ཅིག་བེད་སྤྱོད་བྱེད་ཀྱི་ཡོད་མེད་ལྟ་རུ་འཇུག་གི་ཡོད། འོན་ཀྱང་། ཨན་ཌོ་མ་ལག་གི་ཁ་པར་ཁོ་ནས་གློག་རྫས་ཀྱི་ཚེ་ཚད་ག་ཚོད་ཅིག་ལྷག་ཡོད་མེད་སྟོན་གྱི་ཡོད། ཨན་ཌོ་དང་ཀུ་ཤུ་གཉིས་ཀས་གློག་རྫས་གྲོན་ཆུང་བྱེད་པའི་གདམ་ག་བཟོས་ཡོད་ལ། ཁྱད་ཆོས་དེས་ཁ་པར་གྱི་བྱེད་ལས་དང་། འབྲེལ་མཐུད། ད་དུང་གློག་མང་བ་རྫོགས་སུ་འཇུག་བྱེད་ཀྱི་ཁྱད་ཆོས་ཁག་ལ་ཚད་བཀག་བཟོས་ཏེ། ཁྱེད་རང་གི་གློག་རྫས་རྒྱུན་རིང་པོར་འདང་དུ་འཇུག་གི་ཡོད། གློག་རྫས་གྲོན་ཆུང་བྱེད་ལུགས་དེ་རྩ་བའི་ཆ་ནས་ཨན་ཌོ་ཁ་པར་ནང་དུ་སྒྲིག་བཅོས་ཀྱི་གདམ་ག་ཡག་པོ་ཡོད།

འདས་པའི་ལོ་མང་པོའི་རིང་དུ། ཨན་ཌོ་ཁ་པར་གློག་གསོག་སྟངས་ཐད་ནས་དགེ་མཚན་ཆེ་བ་ཡོད། གང་ཡིན་ཞེ་ན། ཨན་ཌོ་ཁ་པར་གྱིས་གློག་མགྱོགས་པོ་གསོག་པའི་ནུས་པ་དང་སྐུད་མེད་གློག་གསོག་གི་ཁྱད་ཆོས་མཁོ་སྤྲོད་བྱེད་ཀྱི་ཡོད། ཡིན་ནའང་། ཀུ་ཤུ་ཁ་པར་༨་པ་ཡན་ཆད་ཀྱིས་གློག་མགྱོགས་པོ་གསོག་པའི་ནུས་པ་དང་སྐུད་མེད་གློག་གསོག་གི་ཁྱད་ཆོས་གཅིག་མཚུངས་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ། ཀུ་ཤུ་ཁ་པར་ཉོས་ན། གློག་མགྱོགས་པོ་གསོག་བྱེད་དེ་ལོགས་སུ་ཉོ་དགོས། འོན་ཀྱང་། ཨན་ཌོ་ཁ་པར་གྱི་གློག་མགྱོགས་པོ་གསོག་བྱེད་དེ་ཁ་པར་དང་མཉམ་དུ་སྦྱར་ནས་བཙོང་གི་ཡོད།

ས་ཁྲ།

ཀུ་ཤུའི་ས་ཁྲ་ལ་མེད་ཀྱང་། གྷོ་གྷིལ་ས་ཁྲ་ཡིས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་དེ་ལྕགས་རྟ་འགྲོ་སའི་ལམ་ཁ་དང་ཁ་ཕྱོགས་སྟོན་པ་དེ་རེད། སྤྱིའི་ཆ་ནས། གྷོ་གྷིལ་ས་ཁྲ་ཡི་ཚད་ཐིག་དང་སྤུས་ཀ་དེ་འགྲན་ཟླ་བྲལ་བ་ཞིག་ཡིན། གྷོ་གྷིལ་ས་ཁྲ་ལ་ཁེ་ཕན་མང་བ་ཡོད་པ་ཟད། ཀུ་ཤུའི་ས་ཁྲ་དང་བསྡུར་ན་གནས་ཚུལ་རིགས་ཧ་ཅང་རྒྱས་པོ་ཡོད། འོན་ཀྱང་། ས་གནས་མི་འདྲ་བ་རེ་རེའི་ནང་གི་གྷོ་གྷིལ་ས་ཁྲའི་ཞིབ་ཆ་མི་འདྲ། གལ་ཏེ་ གྷོ་གྷིལ་ས་ཁྲ་དང་ཀུ་ཤུའི་ས་ཁྲ་གཉིས་ཀའི་ནང་ནས་གཅིག་འདེམས་པའི་གདམ་ག་སྤྲད་པ་ཡིན་ན།ང་ཚོས་ག་དུས་ཡིན་ཡང་གྷོ་གྷིལ་ས་ཁྲ་འདེམས་ངེས། ཁྱེད་ཀྱིས་ཀུ་ཤུའི་ཁ་པར་ནང་ནས་གྷོ་གྷིལ་ས་ཁྲ་བེད་སྤྱོད་བཏང་ཆོག་ཀྱང་། ཨན་ཌོ་ཁ་པར་ནང་བེད་སྤྱོད་བཏང་ན་བཟང་བ་ཡོད། གང་ཡིན་ཞེ་ན། གྷོ་གྷིལ་ས་ཁྲ་དེ་ཨན་ཌོ་ཁ་པར་ནང་སྔོན་ཚུད་ནས་ཡོད་པའི་རང་བཞིན་གྱི་འཚོལ་ཞིབ་བཀོལ་ཆས་ཤིག་ཡིན་པས་སོ།།

## རང་གི་འདོད་མོས་ལྟར་སྒྲིག་བཅོས།

ཀུ་ཤུའི་མ་ལག་གི་ནང་དུ། ཁྱེད་ཀྱིས་རང་ངོས་ནས་ཁ་པར་འཆར་ངོས་ཀྱི་རྒྱབ་ལྗོངས་སྒྲིག་ཆོག་ཀྱང་། དེ་ལ་ཚད་བཀག་ཡོད་ལ། ཨན་ཌོ་ཁ་པར་ནང་བཞིན་ཚད་མཐོ་བའི་རང་དབང་མེད། ཨན་ཌོ་ཁ་པར་གྱིས་བཀོལ་ཆས་ཀྱི་ཁུངས་གང་ཡང་རུང་བ་ཞིག་ཁྱེད་ཀྱི་ཁ་པར་གྱི་ནང་དུ་བླུགས་ཏེ་དེ་ལ་བྱེད་ལས་སྣ་ཚོགས་རྩོམ་དུ་འཇུག་གི་ཡོད། འོན་ཀྱང་ཀུ་ཤུ་མ་ལག་ནང་དུ་དེ་དག་སྒོ་ལྕགས་བརྒྱབ་ཡོད། གལ་ཏེ་ཁྱེད་རང་ཐུན་མོང་མ་ཡིན་པ་ཞིག་བྱེད་འདོད་པའམ། ཁྱེད་རང་གི་ཁ་པར་གྱི་འཆར་ངོས་ཀྱི་རྒྱབ་ལྗོངས་གང་འདོད་ལྟར་འཇོག་འདོད་ན། ཨན་ཌོ་མ་ལག་ནི་ཁྱེད་རང་གི་སྡིངས་ཆ་ཡག་ཤོས་དེ་ཡིན།

གློག་འཕྲིན་ཡིག་ཟམ།

ཀུ་ཤུ་དང་ཨན་ཌོ་གཉིས་ཀྱི་ནང་གི་སྔར་ཡོད་ཀྱི་གློག་འཕྲིན་ཡིག་ཟམ་བཀོལ་ཆས་དེ་བེད་སྤྱོད་བྱེད་བདེ་པོ་ཡོད་ལ། སྒྲིག་བཟོ་ཡང་མགྱོགས་པོ་བྱེད་ཐུབ།གལ་ཏེ་ཁྱེད་རང་ལ་འདོད་པ་ཡོད་ན། ཁྱེད་ཀྱིས་གློག་འཕྲིན་ཡིག་ཟམ་ཁ་བྱང་མི་འདྲ་བ་ཁ་ཤས་ཡིག་སྒམ་གཅིག་གི་ནང་དུ་བཞག་ནས་ལྟ་ཀློག་བྱེད་ཐུབ། ཀུ་ཤུ་དང་ཨན་ཌོ་གཉིས་ཀའི་ནང་དུ་ཁུངས་འདྲ་མིན་གྱི་གློག་འཕྲིན་ཡིག་ཟམ་གྱི་བཀོལ་ཆས་མང་པོ་ཡོད། ཡིན་ནའང་། ཨན་ཌོ་ནང་གི་ཇི་མེལ་གྱི་བཀོལ་ཆས་དེ་ཀུ་ཤུ་iOS་ཡིག་ཟམ་དང་བསྡུར་ན་ནུས་པ་ཆེ། གང་ཡིན་ཞེ་ན། ཇི་མེལ་ནི་འཛམ་གླིང་ནང་གི་སྐད་གྲགས་ཆེ་ཤོས་ཀྱི་གློག་འཕྲིན་ཡིག་ཟམ་ཁ་བྱང་གི་མ་ལག་ཅིག་ཡིན། ཇི་མེལ་ནང་དུ་ཁྱེད་ཀྱིས་སྟབས་བདེའི་ཐོག་ནས་ཁུངས་གཞན་པའི་གློག་འཕྲིན་ཡིག་ཡིག་ཟམ་ཁ་བྱང་གི་ཞབས་ཞུ་སྤྲོད་མཁན་རིགས་ཁ་སྣོན་ཡང་བྱེད་ཆོག

པར་རིས་གྲབས་ཉར།

ཁེྱེད་རང་གིས་སོ་སོའི་ཁ་པར་ནང་གི་པར་རིས་དང་བརྙན་པར་རིགས་ཀྱི་སྤུས་ཚད་མ་ཉམས་པའི་ཐོག་ནས་གྷོ་གྷིལ་པར་རིས་དང་iCloud གཉིས་ཀའི་ནང་དུ་གྲབས་ཉར་བྱེད་ཐུབ། ཁྱེད་ཀྱིས་གྷོ་གྷིལ་སྤྲིན་སྡེར་ནང་དུ་རིན་མེད་ཐོག་པར་རིས་དང་བརྙན་པར་གྱི་ཚད་15GB ཙམ་གྲབས་ཉར་བྱེད་ཆོག་ཀྱང་། ཀུ་ཤུའི་སྤྲིན་སྡེར་གྱི་ནང་དུ་5GB མ་གཏོགས་གྲབས་ཉར་བྱེད་མི་ཐུབ། ཁྱེད་རང་ལ་གྷོ་གྷིལ་Pixel་ཡི་ཁ་པར་ཡོད་ན། ཁྱེད་རང་གི་གྷོ་གྷིལ་པར་རིས་ཀྱི་ནང་དུ། འདྲ་པར་དང་བརྙན་པར་གྱི་གྲངས་ཚད་ལ་ཚད་བཀག་གང་ཡང་མེད་པའི་ཐོག་ནས་གྲབས་ཉར་བྱེད་ཐུབ།

སྐད་སྒྲའི་རོགས་འདེགས།

གྷོ་གྷིལ་གྱི་སྐད་སྒྲའི་རོགས་འདེགས་ལ་རིམ་པ་འཕར་མ་ཞིག་ཡོད་ལ། དེས་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་མེད་ལ་གཞིར་བཞག་ནས་གྲོས་འཆར་འདོན་པ་དང་ཁྱེད་ལ་ཁ་བརྡ་བྱེད་རོགས་བྱེད་ཐུབ། དེ་བས་གྷོ་གྷིལ་སྐད་སྒྲའི་རོགས་འདེགས་དེ་ཀུ་ཤུའི་ཁ་པར་ནང་གི་Siri དང་བསྡུར་ན། ཁྱད་ཆོས་སྣ་འཛོམས་དང་སྤྱང་པོ་ཡོད།

སྤྲིན་གྱི་ཞབས་ཞུ།

སྤྲིན་སྡེར་དང་རང་འགུལ་གྱི་གྲབས་ཉར་སྐོར་ནས་གླེང་ན། ཀུ་ཤུ་ད་དུང་ཡང་རྗེས་ལུས་ཐེབས་ཡོད། གྷོ་གྷིལ་སྤྲིན་སྡེར་གྱིས་བརྙན་དང་པར་གྱི་ཚད་15GB ཙམ་གྲབས་ཉར་བྱེད་དུ་འཇུག་པ་མ་ཟད། སྡིངས་ཆ་འདྲ་མིན་རྒྱབ་སྐྱོར་བྱེད། ཀུ་ཤུའི་སྤྲིན་སྡེར་གྱི་ནང་དུ་5GB མ་གཏོགས་གྲབས་ཉར་བྱེད་མི་ཐུབ་པ་མ་ཟད། དེ་སྒེའུ་ཁུང་དང་། ཀུ་ཤུ་གློག་ཀླད། ཀུ་ཤུའི་ཁ་པར་གྱི་མ་ལག་བཅས་ཀྱི་ནང་དུ་མ་གཏོགས་ལས་ཀ་མི་བྱེད།

ཁྱེད་ལ་པར་དང་བརྙན་སོགས་ཉར་སའི་སྟོང་ཆ་མང་པོ་དགོས་ཚེ། གྷོ་གྷིལ་སྤྲིན་སྡེར་ནི་ཡག་ཤོས་ཡིན། གང་ཡིན་ཞེ་ན།ཤོང་ཚད་100GB་ལ་ཟླ་རེར་ཨ་སྒོར་༢ ཡིན་ལ། ལོ་རེར་ཨ་སྒོར་༢༤་ ཡིན། འོན་ཀྱང་། ཀུ་ཤུ་ལ་ཆ་མཚོན་ན། གྷོ་གྷིལ་སྤྲིན་སྡེར་ལ་འགྲན་བསྡུར་བྱེད་པའི་ཆེད་དུ་རིན་གོང་མར་ཕབ་སྟེ། ཤོང་ཚད་50GB་ལ་ཟླ་རེར་ཨ་སྒོར་༡་རེ་བཟོས་ཡོད། གྷོ་གྷིལ་སྤྲིན་སྡེར་དང་ཀུ་ཤུའི་སྤྲིན་སྡེར་གཉིས་ཀས་ཤོང་ཚད་1TB རིན་གོང་ལ་ཟླ་རེར་ཨ་སྒོར་༡༠་ལེན་གྱི་ཡོད།

བཀོལ་ཆས་འདྲ་མིན་ནང་འཇུག་གི་གདམ་ག

ཨན་ཌོ་ཁ་པར་ནང་དུ་བཀོལ་ཆས་འདྲ་མིན་ནང་འཇུག་བྱེད་རྒྱུ་དེ་ཧ་ཅང་སྟབས་བདེ་པོ་ཡིན། སྒྲིག་བཟོའི་ཁོངས་ནས་འགྲིག་རྟགས་ཤིག་བསྐྱོན། བཀོལ་ཆས་APK ཅན་པ་ཞིག་ཕབ་ལེན་བྱས་ན། ཁྱེད་ཀྱི་ལས་ཀ་འགྲུབ་ཚར་བ་རེད། ཨན་ཌོ་བཀོལ་ཆས་ཕབ་ལེན་གྱི་མཛོད་མ་ཡིན་པའི་བཀོལ་ཆས་ཕབ་ལེན་གྱི་ས་གནས་འདྲ་མིན་མང་པོ་ཡོད། འོན་ཀྱང་། ཁུངས་འདྲ་མིན་ནས་བཀོལ་ཆས་འདྲ་མིན་ནང་འཇུག་བྱེད་པའི་བྱེད་ལས་དེས། ཁྱེད་རང་མཉེན་འབུ་དང་འབྲེལ་བའི་ཉེན་ཁའི་གནས་སུ་བསྐྱལ་སྲིད་པས། དེ་ལ་གཟབ་དགོས། ཀུ་ཤུ་བཟོ་ཚོང་ཁང་ནི་དེ་ལས་ལྡོག་སྟེ། བཀོལ་ཆས་ཕབ་ལེན་གྱི་ས་གནས་འདྲ་མིན་ངོས་ལེན་བྱེད་ཀྱི་མེད། གལ་ཏེ་ཁྱེད་རང་ལ་བཀོལ་ཆས་འདྲ་མིན་གྱི་གདམ་ག་མང་པོ་དགོས་ཚེ། ཁྱེད་རང་གིས་ཨན་ཌོ་ཁ་པར་འདེམས་དགོས།

རོ་ཐུ་དང་བཙོན་བྲོས་ཀྱི་བྱེད་ལས།

རོ་ཐུ་ནི་མི་ཚང་མའི་ཆེད་དུ་མིན། གལ་ཏེ་ཁྱེད་རང་གིས་སོ་སོའི་ཁ་པར་ལ་སྟངས་འཛིན་ཆ་ཚང་བྱེད་འདོད་ན། རོ་ཐུ་བྱེད་རྒྱུ་དེ་ཁྱེད་རང་གི་ལམ་ཁ་ཉག་གཅིག་ཡིན།རོ་ཐུ་བྱས་པ་ཡིན་ན། ཁྱེད་རང་ལ་བཀོལ་ཆས་མང་པོ་དང་། སྒུག་མ་དགོས་པར་ཉེར་སྤྱོད་མ་ལག་གསར་ཤོས་རེག་ཐུབ། དེ་མ་ཟད། ཁྱེད་རང་གི་ཁ་པར་བཟོ་སྐྲུན་བྱེད་མཁན་གྱི་ངོས་ནས་བཟོས་ཡོད་པའི་སྔར་ཡོད་ཀྱི་སྒྲིག་བཀོད་ལ་འགྱུར་བ་བཏང་སྟེ། ཁ་པར་གྱི་མགྱོགས་ཚད་མྱུར་ཏུ་གཏོང་བ་དང་། གློག་རྫས་རྒྱུན་རིང་པོར་འདང་བར་བྱེད་པའི་གོ་སྐབས་སོགས་ཡོད། ཨན་ཌོ་ཁ་པར་མང་ཆེ་བས་ཉེར་སྤྱོད་མ་ལག་གི་སྒྲིག་བཀོད་བྱེད་ཐུབ་པའི་ལམ་ཁ་སྤྲོད་ཀྱི་ཡོད། འོན་ཀྱང་། དེ་ཀུ་ཤུ་བཟོ་ཚོང་ཁང་གིས་ངོས་ལེན་བྱེད་ཀྱི་མེད། ཀུ་ཤུ་མ་ལག་གི་ནང་དུ་ཡོད་པའི་གདམ་ག་ཞིག་ནི། བཙོན་བྲོས་ཟེར་བ་དེ་རེད་ལ། བྱེད་ལས་དེས་ཀུ་ཤུ་མཛོད་ཁང་མ་ཡིན་པའི་ཁུངས་གཞན་པ་ནས་བཀོལ་ཆས་ཕབ་ལེན་དང་ནང་འཇུག་བྱེད་དུ་འཇུག་པ་མ་ཟད། ཁ་པར་གྱི་ཚད་འཛིན་ཁག་བརྒལ་ཏུ་འཇུག་གི་ཡོད།

འཆར་ངོས་ཀྱི་ཆེ་ཆུང་།

གལ་ཏེ་ཁྱེད་རང་གིས་ཁ་པར་གྱི་འཆར་ངོས་ཆེ་ཤོས་དེ་འཚོལ་གྱི་ཡོད་ཚེ།ཨན་ཌོ་ཁ་པར་དེ་ཁྱེད་རང་གི་གདམ་ག་ཡག་ཤོས་དེ་ཡིན། དེང་སང་འཆར་ངོས་ཧ་ཅང་ཆེ་བའི་ཡོ་ཆས་ཏེ་ངོས་ལེབ་གློག་ཀླད་ལ་ཁ་ཕྱོགས་ཀྱི་ཡོད། Samsung’s Galaxy Note 8 འཆར་ངོས་ཆེ་ཆུང་དེ་6.3-inch་དང་། ཀུ་ཤུ་X ཡི་འཆར་ངོས་ཆེ་ཆུང་དེ་5.8-inch་ཡིན། གང་ལྟར་ཁྱེད་ལ་འཆར་ངོས་ཆེན་པོ་ཡོད་པའི་ཁ་པར་དགོས་ན། ཨན་ཌོ་ཁ་པར་འདེམས་རོགས།

comments powered by Disqus