ཀུ་ཤུ་ཁ་པར XS བསྐྱར་ཞིབ།

ཀུ་ཤུ་ཁ་པར XS བསྐྱར་ཞིབ།

ཀུ་ཤུ་བཟོ་ཚོང་ཁང་གིས་འདི་ལོའི་ཟླ་དགུ་པའི་ནང་བཏོན་པའི་ཀུ་ཤུ་ཁ་པར་ཐོན་གསར་ཤོས XS ནི། ད་ལྟའི་དུས་ཀྱི་འཛམ་གླིང་ནང་གི་ཁ་པར་གྲགས་ཆེ་ཤོས་དེ་ཡིན། ཀུ་ཤུ་བཟོ་ཚོང་ཁང་གི་ཡོ་ཆས་གསར་པ་འདི། ཐོག་མར་ཉོ་བའི་སྐབས་སུ་གོང་ཆེ་ཤོས་དེ་ཡིན་པ་ཙམ་མ་ཟད། རྗེས་ནས་ཆག་སྐྱོན་ཤོར་ཏེ། བཟོ་བཅོས་བྱེད་དགོས་དུས་ཀྱང་གོང་ཆེ་ཤོས་ཤོར་ངེས་པའི་ཁ་པར་ཞིག་ཡིན། ཁ་པར་ཐོན་གསར་ཤོས་འདིའི་མདུན་རྒྱབ་གཉིས་ཀ་ཤེལ་གྱིས་བཟོས་ཡོད་སྟབས། ཁ་པར་འདི་ནི། འཛམ་གླིང་ནང་གི་ཁ་པར་ཆག་སླ་ཤོས་དེ་ཡིན་ཞེས་ཀྱང་བརྗོད་ཆོག དེར་བརྟེན། སོ་སོའི་ཁ་པར་ཆག་སྐྱོན་མི་འབྱུང་བའི་ཕྱིར་དུ། ཁ་པར་ཐོན་གསར་ཤོས་འདི་ལ་ཤུབས་ཡག་པོ་ཞིག་ཉོ་རྒྱུ་དེ་ནི་གདམ་ག་མེད་པའི་གདམ་ག་ཞིག་ཡིན་ནོ།།

བཟོ་བཀོད།

ཀུ་ཤུ་ཁ་པར་XS འདི། བཟོ་བཀོད་ཧ་ཅང་ལེགས་པ་མ་ཟད། ཡོ་ཆས་ཀྱི་རྒྱུ་སྤུས་ཀྱང་ཧ་ཅང་ཚད་མཐོ་བོ་ཡིན། འོན་ཀྱང་། དེ་སྔོན་གྱི་ཐོན X དང་བསྡུར་ན། ཅུང་ཙམ་ལྗིད་ཁོག་ཚ་བོ་ཡོད་པ་མ་གཏོགས། བཟོ་བཀོད་ཀྱི་ཐད་ནས་དམིགས་བསལ་གྱི་ཁྱད་ཆོས་དེ་འདྲ་གང་ཡང་མེད། XS Max དང་བསྡུར་ན། ཆེ་ཆུང་ཅུང་རན་པོ་ཡོད་པས། ལག་པ་ཡ་གཅིག་གིས་བེད་སྤྱོད་དང་སྟངས་འཛིན་བྱེད་ཐུབ།

འཆར་ངོས།

ཀུ་ཤུ་ཁ་པར་XS་ཡི་ཤེལ་ངོས་ཀྱི་ཆེ་ཆུང་ལ་ལི་རྨིད་༡༤.༣་ཡོད་པས། དེ་སྔོན་གྱི་ཐོན X དང་ཆེ་ཆུང་གཅིག་པ་ཡིན་ལ། ཁ་པར་གྱི་མདུན་ངོས་ཧྲིལ་པོ་འཆར་ངོས་བཟོས་ཡོད་པས། ཐོན་སྔོན་མ་ཁག་ནང་བཞིན་གྱི་མཐེབ་ནོན་དེ་འདྲ་གང་ཡང་མེད།

པར་ཆས།

camera ཀུ་ཤུ་ཁ་པར XS ཡི་པར་ཆས་ཀྱི་སྤུས་ཀ་ཧ་ཅང་ལེགས་པོ་ཡོད། དེ་སྔོན་གྱི་ཐོན་X དང་བསྡུར་ན། ཅུང་ཟད་ཡར་རྒྱས་བཏང་ཡོད་པས། ཉིན་དང་མཚན་གཉིས་ཀར་བླངས་པའི་འདྲ་པར་གྱི་སྤུས་ཀ་སྔོན་མ་དང་བསྡུར་ན་ཡག་པོ་ཡོད་ལ། པར་ཆས་ཀྱི་མ་ལག་གསར་བ་འདིས་བླངས་པའི་འདྲ་པར་གྱི་སྤུས་ཀ་ཨན་ཌོ་ཁ་པར་ཡག་ཤོས་ཀྱི་ནང་དུ་བླངས་བའི་འདྲ་པར་ལས་ཀྱང་བཟང་།

བཀོད་སྒྲིག་ཡོ་ཆས་དང་། ཚོན་མདོག ཤོང་ཚད།

ཀུ་ཤུ་ཁ་པར་XS ཡིས་བཀོད་སྒྲིག་ཡོ་ཆས(处理器)A༡༢ ཟེར་བ་དེ་བེད་སྤྱོད་གཏོང་གི་ཡོད་པས། ཁ་པར་གྱི་བྱེད་ལས་ཧ་ཅང་མགྱོགས་པ་མ་ཟད། དུས་ཡུན་རིང་པོ་འགོར་ཀྱང་ཁ་པར་གྱི་གློག་རྫོགས་ཀྱི་མེད། ཀུ་ཤུ་ཁ་པར XS ལ་སྐྱ་བོ་དང་། དངུལ་མདོག གསེར་མདོག་བཅས་ཚོན་མདོག་མི་འདྲ་བ་རིགས་གསུམ་ཡོད། ཤོང་ཚད་ངོས་ཐད་ནས་གླེང་ན། GB ༦༤ ཅན་དང་དང་། ༢༥༦་ཅན། ༥༡༢་ཅན་བཅས་རིགས་མི་འདྲ་བ་གསུམ་ཡོད། འདི་ནི་ཁ་པར་འདིའི་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཤིག་ཡིན། གང་ཡིན་ཞེ་ན། ཁ་པར་འདི་དག་གི་ཤོང་ཚད་དེ་སྤྱིར་བཏང་གི་གློག་ཀླད་རྩིས་འཁོར་ཞིག་གི་ཤོང་ཚད་ལས་ལྡབ་ཁ་ཤས་ཀྱི་ཆེ་བ་ཡོད་པས། ཡིག་ཆ་དང་པར་རིས་སོགས་ག་ཚོད་བསགས་ཀྱང་། དཀའ་ངལ་གང་ཡང་འཕྲད་མི་སྲིད།

རིན་གོང་།

ཤོང་ཚད་GB ༦༤ ཅན་དམངས་སྒོར་༨༦༩༩ དང་།་GB༢༥༦་ཅན་ལ་དམངས་སྒོར་༡༠༠༩༩།GB༥༡༢་ཅན་ལ་དམངས་སྒོར་༡༡༨༩༩ ཡིན།

བྱང་བུ།

ནུབ་གླིང་དུ་བྱང་བུ་གཉིས་ཅན་གྱི་ཁ་པར་ལ་དེ་ཙམ་དོ་སྣང་མེད། གང་ཡིན་ཞེ་ན། མིག་གི་མཐོང་རྒྱུ་མེད་པའི་བྱང་བུ་འཕར་མ་རང་ཉིད་ཀྱི་ཁ་པར་ལ་མཐུད་ཆོག་གི་ཡོད། འོན་ཀྱང་། མི་འབོར་ཧ་ཅང་་མང་བའི་རྒྱ་དཀར་ནག་གཉིས་ཀྱི་ནང་དུ། བྱང་བུ་གཉིས་ཅན་གྱི་ཁ་པར་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་སྟབས། ཁྲོམ་རྭའི་དགོས་མཁོ་དབང་གིས། ཀུ་ཤུ་ཁ་པར་ཐོན་གསར་བ་ཁག་གི་ནང་དུའང་བྱང་བུ་གཉིས་བླུགས་ཆོག་པ་བཟོས་ཡོད། ཀུ་ཤུ་ཁ་པར་ཐོན་༧་དང་། ༨། X བཅས་ལ་ས་རྡུལ་དང་ཆུ་འགོག་གི་ནུས་པ་ཡོད་པས། གཏིང་ཚད་ལ་རྨིད་༡་ཙམ་ཡོད་པའི་ཆུ་ནང་དུ་ལྷུང་སྟེ། དུས་ཡུན་སྐར་མ་༣༠་ཙམ་འགོར་ཀྱང་སྐྱོན་མེད་ལ། ཀུ་ཤུ་ཁ་པར་ཐོན་XS འདི་གཏིང་ཚད་ལ་རྨིད་༢་ཙམ་ཡོད་པའི་ཆུ་ནང་དུ་ལྷུང་སྟེ། དུས་ཡུན་སྐར་མ་༣༠་ཙམ་འགོར་ཀྱང་། ཁ་པར་ལ་སྐྱོན་རྒྱག་གི་མེད་པས། ཐོན་སྔོན་མ་ཁག་དང་བསྡུར་ན། ལྡབ་ལྷག་གི་ནུས་པ་ཆེ་བ་ཡོད།

བཟང་ཆ།

  • འཆར་ངོས་ཆེན་པོ་ཡོད་པ།
  • གློག་རྒྱུན་རིང་པོར་འདང་བ།
  • པར་དང་བརྙན་གྱི་སྤུས་ཀ་ཧ་ཅང་ལེགས་པ།
  • བྱང་བུ་གཉིས་བཞག་ཆོག་པ།
  • ཆུ་ནང་དུ་ལྷུང་རུང་སྐྱོན་མེད་པ།

    སྐྱོན་ཆ།

  • རིན་གོང་ཧ་ཅང་མཐོ་བ།
  • གློག་རྒྱུན་རིང་པོར་འདང་ཡང་། ཀུ་ཤུ་ཁ་པར་ཐོན X དང་བསྡུར་ན་དེ་ཙམ་ཁྱད་པར་མེད་པ།

comments powered by Disqus