དྲྭ་རྒྱའི་བྱེད་ལས་རྩོམ་སྟངས་ག་འདྲ་ཡིན་ནམ།

དྲྭ་རྒྱ་ཡིས་ཇི་ལྟར་བྱེད་ལས་རྩོམ་གྱི་ཡོད་མེད་ཧ་གོ་བར་བྱེད་པ་ལ། ཐོག་མར་ང་ཚོས་སྦྲག་ཁང་གིས་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད་མེད་ཀྱི་དཔེ་མཚོན་རོབ་ཙམ་ངོ་སྤྲོད་ཅིག་བྱེད།
གལ་ཏེ་ཁྱེད་ཀྱིས་ཨ་རིའི་གྲོང་ཁྱེར་ནེག་ཡོག་ནང་ཡོད་པའི་གྲོགས་པོ་ཞིག་ལ་ལྷ་ས་ནས་སྦྲག་ཁང་བརྒྱུད་དེ་ཡི་གེ་ཞིག་གཏང་དགོས་ཚེ། གཤམ་གྱི་གོ་རིམ་འདི་དག་མ་བརྒྱུད་ཐབས་མེད་ཡིན།
དང་པོ།
ཁྱེད་རང་ཡི་གེ་གཏོང་མཁན་གྱིས། འཕྲིན་ཡིག་དེ་གཏང་ཡུལ་གྱི་གྲོགས་པོའི་ཁ་བྱང་དང་།སོ་སོའི་ཁྱིམ་གྱི་ཁ་བྱང་གཉིས་ཀ་བྲིས་ཡོད་པའི་ཡིག་སྐོགས་ཤིག་གི་ནང་དུ་བླུགས་དགོས་པ་དང་།
གཉིས་པ།
དེ་ནས་ཁྱེད་ཀྱིས་ཡིག་སྐོགས་དེ་བར་སྐོར་ཉེ་འགྲམ་གྱི་སྦྲག་ཁང་དུ་འཁྱེར་དགོས་ལ། དེར་སྦྲག་རྟགས་ཀྱི་རིན་པའང་སྤྲོད་དགོས།
གསུམ་པ།
ཡིག་སྐྱེལ་པས་འཕྲིན་ཡིག་གཏང་ཡུལ་གྱི་ཁ་བྱང་ལ་ཞིབ་ལྟ་བྱས་རྗེས། འཕྲིན་ཡིག་དེ་བོད་རང་སྐྱོང་ལྗོངས་ཀྱི་སྦྲག་ཁང་ལྟེ་བའམ། འདིར་ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་སྦྲག་ཁང་ལ་གཏོང་གི་ཡོད།
བཞི་པ།
ལྷ་ས་གྲོང་ཁྱེར་ཁྲིན་ཀོན་ཆུས་སྦྲག་ཁང་གིས་གཏང་ཡུལ་གྱི་ཁ་བྱང་ལ་གཞིར་བཞག་སྟེ།འཕྲིན་ཡིག་དེ་པེ་ཅིན་གྱི་རྒྱལ་ཁབ་རིམ་པའི་སྦྲག་ཁང་ལ་གཏོང་གི་ཡོད།
ལྔ་པ།
པེ་ཅིན་གྱི་རྒྱལ་ཡོངས་སྦྲག་ཁང་གིས་ཡང་བསྐྱར་གཏང་ཡུལ་གྱི་ཁ་བྱང་ལ་བལྟས་ཏེ།འཕྲིན་ཡིག་དེ་ཨ་རིའི་སྦྲག་ཁང་ལ་གཏོང་གི་ཡོད།
དྲུག་པ།
ཨ་རིའི་རྒྱལ་ཡོངས་སྦྲག་ཁང་གིས་ཀྱང་གཏང་ཡུལ་གྱི་ཁ་བྱང་ལ་བལྟས་ཏེ།འཕྲིན་ཡིག་དེ་ཨ་རིའི་བྱང་ཤར་ཁུལ་གྱི་སྦྲག་ཁང་ལ་གཏོང་གི་ཡོད།
བདུན་པ།
ཨ་རིའི་བྱང་ཤར་ཁུལ་གྱི་སྦྲག་ཁང་གིས་ཀྱང་གཏང་ཡུལ་གྱི་ཁ་བྱང་ལ་བལྟས་ཏེ།འཕྲིན་ཡིག་དེ་ནེག་ཡོག་གྲོང་ཁྱེར་གྱི་སྦྲག་ཁང་ལ་གཏོང་གི་ཡོད།
བརྒྱད་པ།
ནེག་ཡོག་སྦྲག་ཁང་གིས་གཏང་ཡུལ་གྱི་ཁ་བྱང་ལ་བལྟས་ཏེ། འཕྲིན་ཡིག་དེ་ས་གནས་ཀྱི་སྦྲག་ཁང་ལ་སྐྱེལ་གྱི་ཡོད།
དགུ་པ།
དེ་ནས་མཐའ་མར། ཡི་གེ་དེ་ནེག་ཡོག་ནང་བཞུགས་པའི་ཁྱེད་ཀྱི་གྲོགས་པོར་སྐྱེལ་གྱི་ཡོད།
དྲྭ་རྒྱ་ཡི་ལས་ཀ་བྱེད་སྟངས་དེ་སྦྲག་ཁང་དང་གཅིག་མཚུངས་ཡིན།
གོ་རིམ་དང་པོ། དྲྭ་རྒྱ་བེད་སྤྱོད་གཏོང་མཁན་ཁྱེད་རང་གིས། སོ་སོའི་གློག་ཀླད་དང་ཁ་པར་ནང་ནས་པོད་ཕྲན་དྲྭ་ཚིགས་སྒོ་ཕྱེ་འདོད་བྱུང་བས།
ཁྱེད་ཀྱིས་དྲྭ་ཚིགས་འདིའི་ཁ་བྱང་https://www.weibo.com/login.php འཚོལ་བཤེར་དྲ་མིག་ནང་གཏགས་རྗེས། མཐེབ་ཅུའི་སྒང་ལ་མནན་པ་རེད།
གོ་རིམ་གཉིས་པ། པོད་ཕྲན་དྲྭ་ཚིགས་སུ་འཛུལ་བའི་ཆེད་དུ་བཏང་བའི་ཁྱེད་ཀྱི་རེ་སྐུལ་དེ། ཐོག་མར་ཁྱེད་ཀྱི་ཁ་པར་དང་དྲྭ་སྦྲེལ་བྱས་ཡོད་པའི་ས་གནས་ཀྱི་འབྲེལ་མཐུད་དྲྭ་བ་དང་ཡང་ན། ཁྱེད་རང་གི་ཁྱིམ་གྱི་དྲྭ་ལམ་འཕྲུལ་ཆས། དམངས་སྤྱོད་ཀྱི་དྲྭ་ཁང་། དཔེ་མཛོད་ཁང་། མགྲོན་ཁང་དང་ཟ་ཁང་སོགས་བརྒྱུད་ཀྱི་ཡོད།
གོ་རིམ་གསུམ་པ། དེ་ནས། རེ་སྐུལ་དེ་དྲྭ་བའི་ཞབས་ཞུ་སྤྲོད་མཁན་གྱི་བཟོ་ཚོང་ཁང་བརྒྱུད་ཀྱི་ཡོད། ཀྲུང་གོའི་ལག་འཁྱེརཁ་པར་(中国移动)ནི་རང་རྒྱལ་གྱི་དྲྭ་བའི་ཞབས་ཞུ་སྤྲོད་མཁན་གྱི་བཟོ་ཚོང་ཁང་ཆེ་ཤོས་དེ་ཡིན། འོན་ཀྱང་། ས་གནས་ཀྱི་དྲྭ་བའི་ཞབས་ཞུ་སྤྲོད་མཁན་བཟོ་ཚོང་ཁང་ཆུང་ཆུང་དེ་འདྲའང་ཡོད་ལ། ཁོང་ཚོས་དྲྭ་བའི་ཞབས་ཞུ་སྤྲོད་མཁན་ཆེ་ཁག་ལ་ཐོ་འགོད་བྱས་པའི་དྲྭ་རྒྱ་དེ་ས་གནས་ས་ཐོག་ཏུ་བགོ་འགྲེམས་བྱེད་ཀྱི་ཡོད།
གོ་རིམ་བཞི་པ། དྲྭ་བའི་ཞབས་ཞུ་སྤྲོད་མཁན་གྱིས་ངོས་ནས་དྲྭ་ཚིགས་དེའི་ཁ་བྱང་ཞིབ་བཤེར་བྱེད་ཀྱི་ཡོད། གནས་སྟངས་འདིའི་ཁྲོད་དུ། དྲྭ་བའི་ཁ་བྱང་ https://www.weibo.com/login.php ་གཞི་རྩའི་ཞབས་ཞུའི་IP ཁ་བྱང 114.134.80.162 འདི་རེད།
DNS ནི་དྲྭ་ཚིགས་ཁ་བྱང་དཔེར་ན། www.weibo.com/login.php་དེ་སོ་སོའི་ཐུན་མོང་མ་ཡིན་པའི་IP ཁ་བྱང་ལ་མཐུད་མཁན་གྱི་མ་ལག་ཅིག་ཡིན་ལ། དེ་ནས་རེ་སྐུལ་དེ་IP ཁ་བྱང་དང་མཉམ་དུ་བརྒྱུད་གཏོང་བྱེད་ཀྱི་ཡོད། འདི་ནི་ཁ་པར་ནང་གི་འབྲེལ་ཐོ་དང་གཅིག་མཚུངས་ཡིན། འཛམ་གླིང་ནང་དུ་DNS་མ་ལག་ལ་ཁྱོན་ཡོངས་ནས་སྟངས་འཛིན་ཡོད་པའི་གཞི་རྩའི་ཞབས་ཞུ་སྤྲོད་མཁན་ཁ་ཤས་མ་གཏོགས་མེད། རང་རྒྱལ་གྱིས་སོ་སོའི་རང་གི་དྲྭ་བའི་ཞབས་ཞུ་བེད་སྤྱོད་བྱེད་ཀྱི་ཡོད། དྲྭ་བའི་ཞབས་ཞུ་སྤྲོད་མཁན་ལ་སོ་སོའི་རང་གི་ས་གནས་ཀྱི་DNS་མ་ལག་ཀྱང་ཡོད་ཆོག
གོ་རིམ་ལྔ་པ། གོ་རིམ་འདི་རང་རྒྱལ་གྱི་དྲྭ་བའི་ཞབས་ཞུའི་ཁོངས་ནས་བཟོས་པའི་དྲྭ་ཚིགས་ཁག་ལ་ལག་བསྟར་བྱེད་ཐུབ་པ་མིན་སྲིད། དྲྭ་ཚིགས་གཞན་ཚང་མར་ཆ་མཚོན་ན། རེ་སྐུལ་དེ་དྲྭ་རྒྱའི་སྒལ་ཚིགས་བརྒྱུད་དེ་འགྲོ་ཡི་ཡོད།འདི་ནི་མིག་གིས་མཐོང་ཐུབ་པའི་དྲྭ་བའི་དར་སྐུད་དེ་ཡིན་ལ།དར་སྐུད་དེ་ཕན་ཚུན་ཕྱོགས་ཚང་མར་མཐུད་ཡོད་པའི་དྲྭ་བ་ཆེན་པོ་ཁག་གི་ལྟེ་བ་སྟེ་འཛམ་གླིང་གི་དྲྭ་བར་སྦྲེལ་ཡོད།
གོ་རིམ་དྲུག་པ། དེ་ནས་རེ་སྐུལ་དེ་དྲྭ་ཚིགས་གཉེར་མཁན་གྱི་དྲྭ་བའི་ཞབས་ཞུ་ལ་གཏོང་གི་ཡོད། (གནས་སྟངས་འདིའི་ཁྲོད་དུ། weibo ལ་སོ་སོ་རང་ཉིད་ཀྱི་དྲྭ་བའི་ཞབས་ཞུ་ཡོད།)
གོ་རིམ་བདུན་པ། དྲྭ་བའི་ཞབས་ཞུ་ཡིས་རེ་སྐུལ་དེ IP ཁ་བྱང་114.134.80.162 འདིའི་སྟེང་དུ་བཞག་ཡོད་པའི་དྲྭ་ཚིགས་དེའི་ཞབས་ཞུའི་རྩར་བསྐྱལ་གྱི་ཡོད།
གོ་རིམ་བརྒྱད་པ། ཁྱེད་རང་གི་རེ་སྐུལ་གྱི་ཡ་ལན་དེ་ལམ་ཁ་དེ་རང་ངམ་ཡང་ན། ལམ་ཁ་གཞན་པ་ཞིག་བརྒྱུད་ནས་སྤྲོད་ཀྱི་ཡོད་པ་དང་། མཐའ་མར། རེ་སྐུལ་ཞུས་པའི་དྲྭ་ཚིགས་དེ་ཁྱེད་རང་གི་ཤེལ་ངོས་སུ་འཆར་གྱི་ཡོད།
བརྒྱུད་ལམ་འདི་དག་ཚང་མ་སྲིད་གཞུང་དང་བཟོ་ཚོང་ཁང་ཆེ་ཁག་གི་བཀོད་ཁྱབ་འོག་ཡོད་པས། དྲྭ་ཚིགས་ཁག་གསང་སྡོམ་མ་བྱས་པ་ཡིན་ན། ཁོང་ཚོར་ཁྱེད་ཀྱི་བྱེད་སྒོ་ཡོངས་རྫོགས་ལ་སྟངས་འཛིན་བྱེད་པའི་ནུས་པ་ཆ་ཚང་ཡོད། (དྲྭ་ཚིགས་གང་རུང་ལ་SSL བདེན་དཔང་བྱས་མེད་པའམ།HTTPS་མེད་པ་ཡིན་ན། )
གལ་ཏེ།ཁྱེད་རང་གིས་འཚོལ་ཞིབ་བྱས་པའི་དྲྭ་ཚིགས་གཞན་ཁག་གི་IP་ཁ་བྱང་འཚོལ་འདོད་ན། དྲ་ངོས་འདི་ལ་ཕེབས། https://check-host.net/