ཕྱི་རྒྱལ་གྱི་དྲ་ཚིགས་ལྟ་མཁན་ལ་ཉེས་ཆད།

གསལ་བཤད། གཤམ་གྱི་དོན་རྐྱེན་འདི་བྱུང་བ་དེ་ལྒང་བཞུའི VPN མཉེན་ཆས་རང་སྟེང་གི་སྐྱོན་ཆར་ངོས་འཛིན་བྱེད་མི་རུང་ལ། ལྒང་བཞུ་བཀོལ་ཆས་ལ་ཡིད་ཆེས་བརླག་པའི་རྒྱུ་རུ་དེ་བས་ཀྱང་འགྱུར་མི་རུང་། གང་ཡིན་ཞེ་ན།
- གལ་ཏེ། ཁྱེད་ཀྱི་ཁ་པར་དང་གློག་ཀླད་ལ་སྔོན་ཚུད་ནས་དྲ་འབུ་འགོས་ཡོད་ཚེ། VPN གང་རུང་ཞིག་བཀོལ་སྤྱོད་བྱས་རུང་། དེས་ཁྱེད་རང་སྐྱོབ་མི་ཐུབ།
- གལ་ཏེ། དྲ་བའི་སོ་ལྟ་བས་དམིགས་བསལ་གྱི་ཐོག་ནས་ཁྱེད་རང་དམིགས་འབེན་དུ་བཟུང་སྟེ། ཁྱེད་ལ་སོ་ལྟ་བྱེད་ཀྱི་ཡོད་ཚེ། VPN གང་རུང་ཞིག་བཀོལ་སྤྱོད་བྱས་རུང་། དེས་ཁྱེད་རང་སྐྱོབ་མི་ཐུབ།
- དྲ་བའི་སོ་ལྟ་བས་ཁྱེད་རང་གི་དྲ་བའི་འབྲེལ་ལམ་གྱི་ནང་དོན་ག་རེ་ཡིན་མིན་ཤེས་མི་ཐུབ་རུང་། VPN བཀོལ་སྤྱོད་བྱེད་དུས། མཐོང་མི་ཐུབ་ཡིག་ཆའི་རིགས་ཁག་ཅིག་དྲ་བའི་བཞུར་རྒྱུན་གྱི་ཁྲོད་དུ་འགུལ་སྐྱོད་བྱེད་ཀྱི་ཡོད་པ་མཐོང་ཐུབ།
སྲིད་གཞུང་གིས་ཕྱི་རྒྱལ་གྱི་དྲ་ཚིགས་ལྟ་མཁན་ལ་ཉེས་ཆད་བཏང་འདུག
ཀྲུའུ་ཡུན་ཧྥུན་ཟེར་བའི་ཀོང་ཏུང་ཞིང་ཆེན་ནང་གི་མི་ཞིག་གིས་ཕྱི་རྒྱལ་གྱི་དྲ་ཚིགས་ལྟ་ཀློག་བྱས་པའི་རྒྱུ་མཚན་གྱིས། སྲིད་གཞུང་གིས་ཁོ་ལ་དམངས་སྒོར་༡༠༠༠་གི་ཆད་པ་བཅད་འདུག་ལ། གནས་ཚུལ་དེས། སྲིད་གཞུང་གི་ངོས་ནས། དྲ་རྒྱ་སྟངས་འཛིན་དང་དོ་དམ་ནན་མོ་བྱེད་ཀྱི་ཡོད་པ་མཚོན་གྱི་འདུག
གནས་ཚུལ་འཁོད་གསལ་ལྟར་ན། སྐུ་ཞབས་ཀྲུའུ་ལགས་ཀྱིས། མིང་གྲགས་ཆེ་བའི་སྣང་བརྙན་སྒེར་གྱི་དྲ་བའམ VPN ལྒང་བཞུ་ཟེར་བ་དེ་བཀོལ་སྤྱོད་བྱས་ཏེ། ཕྱི་རྒྱལ་གྱི་དྲ་ཚིགས་ལ་བལྟས་པ་དེ། སྤྱི་ལོ་༡༩༩༧་ལོར་བཟོས་པའི་མང་ཚོགས་བདེ་འཇགས་བཅའ་ཁྲིམས་ནང་གི་ཆོག་མཆན་མེད་པར་ཕྱི་རྒྱལ་གྱི་དྲ་ཚིགས་ལ་ལྟ་མི་ཆོག་ཟེར་བའི་དོན་ཚན་དེ་དང་འགལ་ཡོད་ཚུལ་སྤྱི་བདེ་ལས་ཁུངས་ཀྱི་གསར་འགོད་གསལ་བསྒྲགས་ནང་བཀོད་འདུག
འདས་པའི་ལོ་ཤས་རིང་ནས་བཟུང་། སྲིད་གཞུང་གིས་VPN་སྣང་བརྙན་སྒེར་གྱི་དྲ་བ་ཤུགས་ཆེར་བཀག་འགོག་བྱས་ཡོད་ཀྱང་།དེ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་སྒེར་བ་ཞིག་ལ་དམིགས་སུ་བཟུང་ནས་འཇབ་རྒོལ་བྱས་པའི་གནས་ཚུལ་མང་པོ་མེད།
སྤྱི་ལོ་༢༠༡༧་ལོར། རྒྱལ་ཁབ་ཀྱིས་སྲིད་གཞུང་གི་ངོས་ནས་ཆོག་མཆན་སྤྲད་པའི་དྲ་བའི་ཞབས་ཞུ་སྤྲོད་མཁན་ཁོ་ནས་མ་གཏོགས།སྣང་བརྙན་སྒེར་གྱི་དྲ་བ་བྱེད་མི་ཆོག་པའི་ཁྲིམས་གསར་བ་བཟོས་ཡོད་ལ།སྲིད་གཞུང་གི་གནོན་ཤུགས་དབང་གིས།རྒྱལ་སྤྱིའི་བཟོ་ཚོང་ཁང་ཆེ་ཤོས་སྟེ།ཀུ་ཤུའི་བཟོ་ཚོང་ཁང་གིས་ཀྱང་ཀྲུང་གོའི་ཀུ་ཤུ་ཁ་པར་གྱི་བཀོལ་ཆས་ཕབ་ལེན་མཛོད་ནས་སྣང་བརྙན་སྒེར་གྱི་དྲ་བ་གྲངས་༦༧༤ལྷག་མེད་པར་བཟོས་ཡོད།
གང་ལྟར་སྲིད་གཞུང་གི་ངོས་ནས་ཕྱི་ཕྱོགས་ཀྱི་དྲ་ཚིགས་རིགས་བཀག་སྡོམ་བྱེད་ཀྱི་ཡོད་རུང་། རྒྱལ་ནང་གི་བཟོ་ཚོང་ཁང་ཆེ་ཁག་དང་མཐོ་སློབ་ཁག་གིས་ཚོང་ལས་དང་ཉམས་ཞིབ་ཀྱི་ཆེད་དུ།བཀག་སྡོམ་བྱས་པའི་ཕྱི་རྒྱལ་གྱི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་དགོས་པ་ཆགས་ཀྱི་ཡོད།
དེ་འབྲེལ་གྱི་གནས་ཚུལ་ཁག་ཅིག
༡༽ འདས་ལོར་ཁྲུང་ཆིན་གྲོང་ཁྱེར་ནང་གནས་སྡོད་བྱས་པའི་སྐུ་ཞབས་ཧོང་ཁྲིན་ཁྲིན་ཟེར་བ་ཞིག་གིས་ཁྲིམས་འགལ་གྱི་ཐོག་ནས་རྒྱལ་སྤྱིའི་དྲ་བར་དྲ་སྦྲེལ་བྱས་པའི་ཉེས་འཛུགས་འོག རུང་ཆང་སྤྱི་བདེ་ལས་ཁུངས་ལ་ཡོང་དགོས་པའི་བཀའ་བཏང་འདུག
༢༽ འདས་ལོའི་ཟླ་༡༡་པའི་ནང་། ཧྥུའུ་ཅན་ཞིང་ཆེན་ནང་གནས་སྡོད་བྱས་པའི་སྐུ་ཞབས་ཕན་ ཞི་ཏའེན་ལགས་ཀྱིས་སྣང་བརྙན་སྒེར་གྱི་དྲ་བ་བེད་སྤྱོད་བྱས་པ་ལ་བརྟེན་ནས། ཉིན་༡༥ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་ཉམས་ཞིབ་བྱས་པ་ལྟར་ན། སྤྱི་ལོ་༢༠༡༨་ལོར། ཀྲུང་གོའི་ས་ཁོངས་ཀྱི་མི་ས་ཡ་༢༠་ནས་༣༠་ལྷག་གིས་སྣང་བརྙན་སྒེར་གྱི་དྲ་བ་བེད་སྤྱོད་བྱས་ཏེ། དྲ་རྒྱའི་ལྕགས་རི་བརྒལ་འདུག