བརྡ་རྟགས་གླེང་མོལ་བཀོལ་ཆས།(SIGNAL)

བརྡ་རྟགས་གླེང་མོལ་བཀོལ་ཆས།(SIGNAL)

བརྡ་རྟགས་གླེང་མོལ་བཀོལ་ཆས་ནི། བདེ་འཇགས་ཀྱི་ཐད་ནས་བརྟན་ཤོས་ཡིན་པའི་འཛམ་གླིང་ནང་གི་སྒེར་གྱི་གླེལ་མོལ་བཀོལ་ཆས་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

བརྡ་རྟགས་གླེང་མོལ་བཀོལ་ཆས་ནི་ཅི་ཞིག་ཡིན།

བརྡ་རྟགས་གླེང་མོལ་བཀོལ་ཆས་ནི་རྩ་བའི་ཆ་ནས། བདེ་འཇགས་ཡིན་པའི་ཡོངས་ཁྱབ་ཀྱི་གླེང་མོལ་བཀོལ་ཆས་ཤིག་ཡིན་ལ། དེས་ཨན་ཌོ་དང་ཀུ་ཤུའི་ཁ་པར་ནང་གི་སྲོལ་རྒྱུན་SMS འཕྲིན་ཐུང་གི་ཚབ་བྱེད་ཀྱི་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་ནང་དུ་བཏང་བའི་འཕྲིན་ཐུང་རིགས་ཚང་མ་གསང་སྡོམ་བྱས་ཡོད་པས། ཁྱེད་རང་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད།

ནམ་རྒྱུན་SMS འཕྲིན་ཐུང་བཀོལ་ཆས་བེད་སྤྱད་དེ་བཏང་བའི་འཕྲིན་ཐུང་རིགས་བརྟན་པོ་མིན། ཁྱེད་ཀྱིས་བརྡ་རྟགས་གླེང་མོལ་བཀོལ་ཆས་བརྒྱུད་དེ། བརྡ་རྟགས་གླེང་མོལ་བཀོལ་ཆས་དེ་བཀོལ་སྤྱོད་བྱེད་ཀྱི་མེད་པའི་མི་ཞིག་ལ་འཕྲིན་ཐུང་བཏང་བ་ཡིན་ན། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་ཁྱེད་ལ་འཕྲིན་ཐུང་དེ་བདེ་འཇགས་མིན་པའི་ཉེན་བརྡ་གཏོང་བ་མ་ཟད། ཁྱེད་རང་གི་འཕྲིན་ཐུང་གཏང་ཡུལ་གྱི་མི་དེ་བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་གདན་འདྲེན་ཞུ་བའི་རེ་སྐུལ་བྱེད་ངེས། བརྡ་རྟགས་གླེང་མོལ་བཀོལ་ཆས་བེད་སྤྱོད་བྱེད་པར། རང་ཉིད་ཀྱི་ཁ་པར་ཨང་གྲངས་བརྒྱུད་ནས་ཐོ་འགོད་བྱེད་དགོས།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་མ་ལག་འདིའི་མཛེས་ཆོས་ནི། བཀོལ་ཆས་ཀྱི་ངོ་བོ་ཧ་ལམ་ཕྱི་གསལ་ནང་གསལ་ཡིན་པས། རང་ཉིད་ཀྱི་ནང་མི་དང་གྲོགས་པོ་ཚོར་བཀོལ་ཆས་འདི་བེད་སྤྱོད་གཏོང་བའི་སྐུལ་མ་བྱེད་པར་སྟབས་བདེ་པོ་ཡོད། དེ་མ་ཟད། བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་དུ་བདེ་འཇགས་ཀྱི་ཐོག་ནས་སྐད་འཇོག་པ་དང་། གཟུགས་མཐོང་གླེང་མོལ་བྱེད་པ་སོགས་ཀྱི་ཆ་རྐྱེན་ཡང་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་ནི་གཙོ་བོ་ཁ་པར་གྱི་ནང་དུ་འཆར་འགོད་བྱས་པའི་བཀོལ་ཆས་ཤིག་ཡིན་རུང་། གློག་ཀླད་ཀྱི་ནང་དུ་བེད་སྤྱོད་བྱེད་ཆོག་པའི་གདམ་གའང་ཡོད།

བརྡ་རྟགས་ནི་ཁུངས་འབྱེད་ཀྱི་རིན་མེད་བཀོལ་ཆས་ཤིག་ཡིན་ནམ།

རིན་མེད་ཡིན་པའི་ཁུངས་འབྱེད་རང་བཞིན་གྱི་མཉེན་ཆས་རིགས་ཀྱི་ཡོངས་ཁུངས་ཨང་རྟགས་དེ་མི་ཚང་མར་རེག་ཐུབ་པ་བཟོས་ཡོད། དེའི་དོན་ནི། མཉེན་ཆས་དེའི་ནང་གི་སྐྱོན་ཆའི་རིགས་རང་དབང་གིས་སྒོ་ནས་ཞིབ་བཤེར་བྱེད་ཆོག་ལ། མཉེན་ཆས་རང་ངོས་ནས། བྱེད་མི་ཉན་པའི་ལས་ཀའི་རིགས་མི་བྱེད་པའི་ཁག་ཐེག་བྱེད་ཀྱི་ཡོད། སྤྱི་ལོ་༢༠༡༦ ལོར། བརྡ་རྟགས་གླེང་མོལ་བཀོལ་ཆས་དེར་རང་དབང་གི་སྒོ་ནས་ཞིབ་བཤེར་བྱེད་དུས། དེ་གསང་སྡོམ་བྱས་ཡོད་པའི་བཀོལ་ཆས་བཙན་པོ་དང་བརྟན་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད།

རྒྱུ་མཚན་འདིའི་དབང་གིས། ཁྱེད་ཀྱིས་བརྡ་རྟགས་གླེང་མོལ་བཀོལ་ཆས་ལྟ་བུའིཁུངས་འབྱེདརང་བཞིན་གྱི་མཉེན་ཆས་རིགས་ཁོ་ནར་ཡིད་ཆེས་བྱས་ཏེ། རང་ཉིད་ཀྱི་དྲ་ཐོག་གི་འབྲེལ་ལམ་བརྟན་པོ་དང་གསང་རྒྱ་ལྡན་པ་བཟོ་དགོས། བརྗོད་གཞི་འདིའི་སྒང་ལ་རྒྱས་པ་མཁྱེན་འདོད་ཚེ། འབྲེལ་ཐག་འདི་བརྒྱུད་ནས་གཟིགས།https://www.bestvpn.com/guides/why-open-source-is-so-important/

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་མི་གཉིས་བར་གྱི་གླེང་མོལ་གསང་སྡོམ་བྱེད་ཀྱི་ཡོད་དམ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་ནང་དུ་བྲིས་པའི་འཕྲིན་ཐུང་ཁག་མ་བཏང་བའི་སྔོན་དུ། ཁྱེད་ཀྱི་ཁ་པར་གྱི་ནང་དུ་གསང་སྡོམ་བྱེད་ཀྱི་ཡོད་ལ། ཁྱེད་རང་གི་གཏང་ཡུལ་གྱི་མི་དེས་མ་གཏོགས། གསང་སྡོམ་བྱས་པའི་འཕྲིན་ཐུང་དེ་གྲོལ་མི་ཐུབ།

ཁྱད་ཆོས་འདིའི་དབང་གིས། ཁྱེད་རང་གི་སྒེར་གྱི་གཞི་གྲངས་རིགས་མི་གསུམ་པའམ་བཟོ་ཚོང་ཁང་ལ་ཉར་དུ་འཇུག་དགོས་དོན་མེད་ལ། དྲ་ལམ་གྱི་གནས་ཚུལ་བརྒྱུད་གཏོང་གི་གོ་རིམ་ཁྲོད་དུ།ཁོང་ཚོས་ཁྱེད་ཀྱི་གནས་ཚུལ་རིགས་ཕྱིར་བསྒྲགས་བྱེད་མི་ཐུབ། ཁྱེད་རང་གི་དགྲ་བོས་ཁྱེད་ཀྱིས་བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་བཏང་བའི་འཕྲིན་ཐུང་གི་ནང་དོན་ཧ་གོ་དགོས་ན། ཁོང་ཚོར་ཁྱེད་དང་ཁྱེད་རང་གི་འཕྲིན་ཐུང་གཏང་ཡུལ་གྱི་མི་དེའི་ཁ་པར་རེག་དགོས་ཀྱི་ཡོད། གལ་ཏེ་གནས་ཚུལ་དེ་འདྲ་བྱུང་རུང་། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་ཁ་པར་ནང་གི་འཕྲིན་ཐུང་རིགས་གསང་སྡོམ་བྱས་ཡོད་པས། ཁྱེད་ཀྱི་དགྲ་བོ་དེས་འཇིགས་སྐུལ་བྱས་ཏེ། ཁ་པར་གྱི་གསང་ཨང་རེག་ཐབས་བྱས་ན་མ་གཏོགས། གཞན་ཁོ་ལ་ཐབས་ཤེས་གང་ཡང་མེད།

***འོན་ཀྱང་། དྲན་གསོ་གཏོང་དགོས་པ་ཞིག་ལ། བརྡ་རྟགས་གླེང་མོལ་བཀོལ་ཆས་བརྒྱུད་ནས། བརྡ་རྟགས་གླེང་མོལ་བཀོལ་ཆས་བེད་སྤྱོད་གཏོང་གི་མེད་པའི་མི་ཞིག་ལ་འཕྲིན་ཐུང་བཏང་བ་ཡིན་ན། དེ་གསང་སྡོམ་བྱས་མེད་པས། བརྟན་པོ་མིན།

བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་གི་སྒེར་གྱི་འཕྲིན་ཐུང་རིགས་བརྟན་པོ་ཡིན་ནམ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་གི་འཕྲིན་ཐུང་ཚང་མ་བརྡ་རྟགས་ཀྱི་གྲོས་མཐུན་བེད་སྤྱད་དེ་གསང་སྡོམ་བྱས་ཡོད་སྟབས། དེ་ནི་འཛམ་གླིང་ནང་གི་འཕྲིན་ཐུང་གླེང་མོལ་བཀོལ་ཆས་ཁུངས་བཙན་ཤོས་དང་བརྟན་ཤོས་སུ་ངོས་འཛིན་བྱེད་ཆོག སྤྱི་ལོ་༢༠༡༧་ལ྄ོའི་ཟླ་༣་པ་ནས་བཟུང་། བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་གི་སྒེར་གྱི་འཕྲིན་ཐུང་ཙམ་མ་ཡིན་པར། ཁ་པར་དང་གཟུགས་མཐོང་གླེང་མོལ་ཆ་ཚང་གསང་སྡོམ་བྱས་ཡོད།

བདེ་འཇགས་ཀྱི་ཁྱད་ཆོས་འཕར་མ་གཞན་ཁག

འཕྲིན་ཐུང་དང་བརྡ་ལན་ཁག་ལ་སྒོ་ལྕགས་བརྒྱབ་སྟེ་མི་གཞན་གྱིས་མཐོང་མི་ཐུབ་པ་བཟོ་ཆོག

ངོས་འཛིན་མི་ཐུབ་པའི་མཐེབ་གཞོང་བེད་སྤྱོད་བྱས་ཏེ། མཐེབ་གཞོང་གི་གཞི་གྲངས་རིགས་གསོག་ཉར་བྱེད་དུ་མི་འཇུག

འཕྲིན་ཐུང་མི་སྣང་བར་འགྱུར་བའི་གདམ་ག་ཡོད་ལ། གདམ་ག་དེ་ནི་མགྱོགས་ལེན་གླེང་མོལ་(快照聊天)་གྱི་ཁྱད་ཆོས་དང་ཆ་འདྲ་བོ་ཡོད།

ཁྱེད་ཀྱི་འབྲེལ་མིའི་ངོ་བོ་བདེན་དཔང་བྱེད་པའི་མ་ལག་ཅིག་མཁོ་སྤྲོད་བྱེད་ཀྱི་ཡོད།

གླེང་མོལ་རེ་རེར་ཐུན་མིན་གྱི་བདེ་འཇགས་ཨང་གྲངས་(མཛུབ་རིས)་ཤིག་ཡོད་ལ། དེ་ཁྱེད་ཀྱི་འཛུལ་ཞུགས་པ་གཞན་དང་བསྡུར་ཆོག་པ་མ་ཟད། ཁོང་ཚོའི་ངོ་བོ་ངེས་གཏན་བྱས་ཚར་བ་ཡིན་ན། ཁྱེད་ཀྱིས་བདེན་དཔང་བྱས་ཚར་བའི་རྟགས་བརྒྱབ་ཆོག

བརྡ་རྟགས་གླེང་མོལ་གྱི་གནད་དོན།

གཤམ་གྱི་འཆར་འགོད་ཀྱི་ཐག་གཅོད་འདི་དག་ལ་བརྡ་རྟགས་བཟོ་སྐྲུན་ལས་ཁུངས་ཀྱི་ངོས་ནས་ལན་མང་བསྐྱོན་ཡོད་རུང་། མི་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད།

འབྲེལ་མི་འཚོལ་བཤེར།

ཁ་པར་ནང་གི་SMS འཕྲིན་ཐུང་གི་ཚབ་བྱེད་པའི་ཆེད་དུ། བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་ཁྱེད་རང་གི་ཁ་པར་ཨང་གྲངས་ངོ་མ་བེད་སྤྱོད་བྱས་ཏེ་ཁྱེད་རང་གི་ཁ་པར་ནང་གི་འབྲེལ་མི་ཁག་ལ་སྦྲེལ་གྱི་ཡོད་པ་དེ། མི་མང་པོས་བདེ་འཇགས་ཀྱི་ཐད་ནས་ཉེན་ཁར་བརྩི་གི་ཡོད་ལ། མི་མང་པོ་ཞིག་གིས་གློག་འཕྲིན་ཡིག་ཟམ་དང་ཡང་ན། དངོས་མིང་བེད་སྤྱོད་བྱེད་མི་དགོས་པའི་འབྲེལ་མི་འཚོལ་བཤེར་གྱི་མ་ལག་ལ་དགའ་མོས་བྱེད་ཀྱི་ཡོད། འོན་ཀྱང་། གནད་དོན་འདི་སེལ་ཐུབ་པའི་རྒྱུ་མཚན་གཉིས་ཡོད་དེ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་ཁྱེད་རང་གི་ཁ་པར་ནང་གི་འབྲེལ་མི་ཁག་མཐོང་མི་ཐུབ། འབྲེལ་མི་དེ་དག་ཁྱེད་རང་གཅིག་པུར་མ་གཏོགས། གཞན་སུ་གང་ལའང་རེག་མི་ཐུབ།

ཁྱེད་ཀྱིས་བཀོལ་སྤྱོད་བྱས་རྗེས་གཡུག་རུང་སྐྱོན་མེད་པའི་ཁ་པར་དང་བྱང་བུ་བརྒྱུད་ནས་ཐོ་འགོད་བྱེད་ཆོག ཐོ་འགོད་བྱས་ཚར་བ་ཡིན་ན། བརྡ་རྟགས་གླེང་མོལ་བཀོལ་ཆས་དེ་ཁྱེད་རང་གིས་ཐོ་འགོད་བྱ་སའི་ཁ་པར་དེའི་ནང་དུ་བེད་སྤྱོད་བྱེད་མི་དགོས།

Google Play གྷོ་གྷིལ་བཀོལ་ཆས ཞབས་ཞུ་ཁག

གལ་ཏེ་བརྡ་རྟགས་གླེང་མོལ་བཀོལ་ཆས་དེ་ཨན་ཌོ་ཁ་པར་ནང་གི་ (Play 商店) ནང་ནས་མི་རྙེད་ཚེ། གཤམ་གྱི་འབྲེལ་ཐག་འདི་བརྒྱུད་ནས་ཐད་ཀར་ཕབ་ལེན་བྱེད་ཆོག https://s3.amazonaws.com/loklad.com/signal.html

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས (元数据)གཞི་གྲངས་རིགས་ཉར་ཚགས་བྱེད་ཀྱི་ཡོད་དམ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་གྲོས་མཐུན་གཞིར་བཞག་ན། བཀོལ་ཆས་འདིས་བཀོལ་ཆས་བེད་སྤྱོད་བྱེད་མཁན་གྱི་གང་ཟག་གིས་མི་གཞན་སུ་ལ་འབྲེལ་བ་བྱས་པ་དང་ག་དུས་འབྲེལ་བ་བྱས་མིན་སོགས་དང་འབྲེལ་བའི་གནས་ཚུལ་རིགས་བཟོ་ཚོང་ཁང་ལ་ཉར་དུ་འཇུག་གི་མེད། བརྡ་རྟགས་གླེང་མོལ་བཀོལ་ཆས་རང་ངོས་ནས་ཉར་ཚགས་བྱས་པའི་གནས་ཚུལ་ནི། ༼མི་ཞིག་གིས་བརྡ་རྟགས་བཀོལ་ཆས་ནང་ཐོ་འགོད་བྱས་པའི་ཉིན་དང་པོ་དང་། བརྡ་རྟགས་བཀོལ་ཆས་ཀྱི་ཞབས་ཞུ་བེད་སྤྱོད་བཏང་བའི་ཉིན་མ་མཐའ་མ་དེ་ཡིན། ༽ བརྗོད་ཚུལ་འདི་ཁྲིམས་ཁང་ནང་བདེན་དཔང་ར་སྤྲོད་བྱས་ཡོད། བཟོ་ཚོང་ཁང་གཞན་ཁག་གིས་ཀྱང་བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་གྲོས་མཐུན་ཁོང་ཚོའི་ཐོན་རྫས་ཀྱི་ཁོངས་སུ་བཅུག་ཡོད་སྲིད་ཀྱང་། མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་གནད་དོན་གྱི་ཐོག་ཏུ། ཁོང་ཚོར་བརྡ་རྟགས་བཀོལ་ཆས་ལྟ་བུའི་བཅོས་མིན་གྱི་གཤིས་སྤྱོད་ཅིག་ཡོད་མེད་ཧ་ཅང་བརྗོད་དཀའ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཇི་ལྟར་བཀོལ་སྤྱོད་བྱེད་དགོས།

ཁྱེད་ཀྱིས་བརྡ་རྟགས་གླེང་མོལ་བཀོལ་ཆས་དེ་ཁྱེད་རང་གི་ཁ་པར་ནང་དུ་ནང་འཇུག་བྱས་པ་ཡིན་ན། དེས་ཁྱེད་ཀྱི་ཁ་པར་ནང་གི་སྔར་ཡོད་ཀྱི་SMSའཕྲིན་ཐུང་གི་ཚབ་བྱེད་ཀྱི་ཡོད་ལ། ཁྱེད་རང་གི་ཁ་པར་ནང་གི་སྔར་ཡོད་ཀྱི་འཕྲིན་ཐུང་གི་ལོ་རྒྱུས་ཆ་ཚང་བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱི་ནང་དུ་ཚུར་འདྲེན་བྱེད་ཀྱི་ཡོད། བརྡ་རྟགས་གླེང་མོལ་བཀོལ་ཆས་བེད་སྤྱོད་བྱེད་ཀྱི་མེད་པའི་གྲོགས་པོ་ཁག་ལ་འབྲེལ་བ་བྱེད་དུས། བརྡ་རྟགས་བཀོལ་ཆས་ཀྱི་བྱེད་ལས་དེ་སྲོལ་རྒྱུན་གྱི་SMS འཕྲིན་ཐུང་དང་གཅིག་པ་ཡིན། འོན་ཀྱང་། ཁྱེད་རང་གི་གྲོགས་པོ་བརྡ་རྟགས་བཀོལ་ཆས་ནང་གདན་འདྲེན་ཞུ་བའི་གདམ་ག་ཞིག་མངོན་ཡོང་།

ཁྱེད་རང་གིས་བརྡ་རྟགས་གླེང་མོལ་བཀོལ་ཆས་བེད་སྤྱོད་བྱེད་མཁན་གྱི་གྲོགས་པོ་ཚོ་དང་གླེང་མོལ་བྱེད་པ་དང་འཕྲིན་ཐུང་བསྐུར་བའི་དུས་སུ། ཁྱེད་རང་གཉིས་བར་གྱི་འབྲེལ་མཐུད་ཀྱི་ལམ་ཁ་གསང་སྡོམ་བྱས་ཡོད་པའི་བརྡ་ལན་གཏོང་གི་ཡོད། ཁྱེད་རང་གི་གཟུགས་མཐོང་གླེང་མོལ་བྱེད་ཆོག་པ་མ་ཟད། གྲོགས་པོའི་ཚོམས་ཀྱང་བཟོས་ཆོག བརྡ་རྟགས་ནང་དུ་བསྐུར་བའི་འཕྲིན་ཐུང་ཚང་མ་རིན་མེད་ཡིན།

མཇུག་སྡོམ།

བརྡ་རྟགས་གླེང་མོལ་བཀོལ་ཆས་ཀྱིས་མི་སྒེར་ཕན་ཚུན་བར་གྱི་གླེང་མོལ་ལ་གསར་བརྗེ་ཞིག་བསླངས་ཡོད། གསང་སྡོམ་བྱས་པའི་གླེང་མོལ་དང་འཕྲིན་ཐུང་རིགས་ཧ་ཅང་བརྟན་པོ་ཡིན་པ་མ་ཟད། བཀོལ་སྤྱོད་བྱེད་སླ་པོ་ཡོད། མི་སྒེར་གྱི་ཁ་པར་གྱི་ཨང་གྲངས་བརྒྱུད་ནས་བརྡ་རྟགས་གླེང་མོལ་བཀོལ་ཆས་ནང་ཐོ་འགོད་བྱེད་དགོས་པ་དེར་མི་ཁ་ཤས་ཀྱིས་སེམས་འཚབ་བྱེད་ཀྱི་ཡོད་རུང་། དེ་ནི་དོན་དམ་གྱི་དཀའ་ངལ་ཞིག་མིན་པ་ཁ་གསལ་བཟོས་ཡོད། མདོར་བསྡུས་ནས་བཤད་ན། ཁྱེད་རང་སྒེར་གྱི་གླེང་མོལ་འབྲེལ་མཐུད་རིགས་གསང་སྡོམ་བྱེད་འདོད་ཚེ། བརྡ་རྟགས་གླེང་མོལ་བཀོལ་ཆས་ལས་ལྷག་པ་ཞིག་གཏན་ནས་མེད་དོོ།།

comments powered by Disqus