ཁ་པར་གྱིས་ཅི་ཞིག་བྱེད་ཐུབ་ཀྱི་ཡོད།

ཁ་པར་གྱིས་ཅི་ཞིག་བྱེད་ཐུབ་ཀྱི་ཡོད།

ཁ་པར་གྱིས་ཁྱེད་ལ་ཁ་པར་གཏོང་དུ་འཇུག་གི་ཡོད་པ་ཙམ་མ་ཟད། ད་དུང་། གཞན་ཅི་ཞིག་བྱེད་ཐུབ་ཀྱི་ཡོད་དམ།

དེང་གི་དུས་སུ་ང་ཚོའི་མི་ཚེ་འཕྲུལ་ཆས་དང་ལྷག་པར་ལག་ཐོག་ཁ་པར་སོགས་ལ་ཤུགས་ཆེར་བརྟེན་པའི་ཚད་གཞི་དེ། གནའ་སྔ་མོའི་དུས་སུ། བོད་པ་ཚོ་གང་དུ་ཆས་ཀྱང་།རང་ཉིད་དང་མཉམ་དུ་འཁྱེར་ནས་འགྲོ་གི་ཡོད་པའི་སྲུང་གོར་རམ་སྲུང་མདུད་ལས་ཀྱང་ཤུགས་ཆེ་རུ་ཕྱིན་ཡོད། ལག་ཐོག་ཁ་པར་དེ་སོ་སོའི་གྲོགས་པོ་དང་ནང་མི་སོགས་ལ་ཁ་པར་གྱི་ལམ་ནས་འབྲེལ་མཐུད་བྱེད་སྤྱད་ཅིག་ཡིན་པ་མ་ཟད། འབྲེལ་ཐོ་དང་། ཁ་པར་གྱི་འབྲེལ་མཐུད་ལོ་རྒྱུས། པར་དང་བརྙན་སོགས་བསག་སའི་གནས་ཚུལ་གྱི་མཛོད་ཁང་ལྟ་བུ་ཡིན་པས། ཁ་པར་གྱིས་ང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་བཟུང་ཡོད།

ང་ཚོའི་མི་ཚེའི་ནང་བྱུང་བའི་གནས་ཚུལ་ཆེ་མ་ཆུང་གསུམ་ཡོངས་རྫོགས་ཁ་པར་ནང་གསོག་ཉར་བྱེད་ཀྱི་ཡོད་སྟབས། སོ་སོའི་ཁེ་ཕན་སྒྲུབ་མཁན་གྱི་དྲ་ཐོག་གི་འཇབ་རྒོལ་བ་དང་གསང་མྱུལ་བ་སོགས་ལ།ལྐོག་ཏུ་ཁྱེད་ཀྱི་ཡོ་ཆས་ནང་འཛུལ་ཏེ།གནས་ཚུལ་བསྡུ་ལེན་བྱེད་པའི་རེ་འདོད་ཤུགས་ཆེན་པོ་ཡོད། དེར་བརྟེན། ཁ་པར་དང་འབྲེལ་བའི་ཉེན་ཁ་དང་སྐྱོན་ཆའི་རིགས་ཧ་གོ་བའི་ཐོག་ནས། རང་ཉིད་ཀྱི་གསང་རྒྱ་ཇི་ལྟར་ཉར་དགོས་མིན་སྐོར་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གནད་འགག་ཅིག་ཆགས་ཡོད།

བདེ་འཇགས་ངོས་ཐད་ནས། རང་ཉིད་ཀྱི་ཁ་པར་བརྟན་པོ་དང་བཙན་པོ་བཟོ་བའི་ལམ་ཁ་མང་པོ་ཡོད་པ་དེ་དག་རེ་རེ་བཞིན་མ་གླེང་བའི་སྔོན་དུ། ངས་ཐོག་མར་ཁྱེད་ཚོར་ཁ་པར་གྱི་ནུས་པའི་སྐོར་རོབ་ཙམ་ཞིག་ངོ་སྤྲོད་བྱེད་འདོད།

ཁ་པར་གྱིས་ཁྱེད་ཀྱི་ངོ་བོ་གཞན་ལ་སྤྲོད་ཐུབ་ཀྱི་ཡོད།

ཁྱེད་རང་གི་ཁ་པར་དེ་ག་དུས་ཡིན་ཡང་། ཐ་ན། ཁ་པར་བེད་སྤྱོད་བྱེད་ཀྱི་མེད་པའི་གནས་སྐབས་སུའང་། ཁ་པར་གྱི་བརྡ་རྟགས་མཁོ་སྤྲོད་བྱེད་མཁན་གྱི་ཉེ་འཁོར་གྱི་ལྕགས་སྡོང་ལ་མཐུད་ཀྱི་ཡོད་སྟབས། བརྡ་རྟགས་ཀྱི་ལྕགས་སྡོང་དེས། ཁྱེད་ཀྱི་ཁ་པར་གྱི་བྱང་བུ་དང་རྒྱལ་སྤྱིའི་ཁ་པར་ཨང་རྟགས་IMEI གཉིས་ཀའི་ཨང་གྲངས་ཐོ་འགོད་བྱེད་ཀྱི་ཡོད།

བྱང་བུས་ཁྱེད་རང་ངོས་འཛིན་བྱེད་སྤྱད་ཀྱི་གནས་ཚུལ་ཆ་ཚང་གསོག་ཉར་བྱེད་ཀྱི་ཡོད། བྱང་བུ་ཚང་མ་ཁ་པར་གྱི་ཞབས་ཞུ་བསྐྲུན་མཁན་གྱི་ལས་ཁུངས་གང་རུང་ལ་དབང་བ་ཡིན་པས། ཁོང་ཚོས་ཁ་པར་ཨང་གྲངས་གང་རུང་ཞིག་སུ་དང་སྦྲེལ་ཡོད་མེད་དང་། བྱང་བུ་ཉོ་སྐབས་ཁྱེད་ཀྱིས་མཁོ་སྤྲོད་གནང་བའི་གནས་ཚུལ་ཆ་ཚང་ཧ་གོ་གི་ཡོད།

ཁྱེད་ཀྱི་ཁ་པར་ལ་དམིགས་བསལ་གྱི་ཨང་གྲངས་རེ་ཡོད། ཨང་གྲངས་དེར་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་སམ་IMEIཨང་གྲངས་ཟེར་ལ། དེ་ག་དུས་ཡིན་ཡང་རྗེས་འདེད་དང་འཚོལ་ཞིབ་བྱེད་ཐུབ་པ་ཡིན། ཁྱེད་རང་གིས་ཀྱང་སོ་སོའི་ཁ་པར་ནང་ *#06# གཏགས་ནས་རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་དེ་འཚོལ་ཐུབ་པ་མ་ཟད། གློག་རྫས་ཕྱིར་བཏོན་ཚར་བའི་ཁ་པར་གྱི་ནང་ངོས་ཀྱང་ནས་རྙེད་ཐུབ།

གལ་ཏེ་ཁྱེད་རང་མི་གཞན་གྱིས་ངོས་འཛིན་བྱེད་དུ་འཇུག་མི་འདོད་ཚེ། ཁྱེད་རང་གི་ཁ་པར་དང་བྱང་བུ་གཉིས་ཀ་བརྗེ་དགོས། དེའི་གཉིས་ཀའི་ཁོངས་ནས་གཅིག་བརྗེ་བོ་བརྒྱབ་པ་ཙམ་གྱིས་འགྲིག་གི་མེད།རབ་ཡིན་ན། རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་། ཡང་ན། རང་ཉིད་ཀྱི་མིང་ཐོག་ཏུ་ཐོ་འགོད་བྱས་མེད་པའི་བྱང་བུ་བེད་སྤྱོད་བྱེད་དགོས་ལ། གལ་ཏེ་དགོས་གལ་བྱུང་ཚེ། གཡུག་དགོས་རུང་འགྱོད་པ་མེད་པའི་ཁ་པར་གོང་སླ་བོ་དེ་འདྲ་ཉོ་དགོས།

ཁ་པར་ནང་གི་གླེང་མོལ་ཁག་རང་ཉིད་ཀྱི་ནང་མི་དང་གྲོགས་པོ་ཁོ་ནར་མ་གཏོགས་གོ་རུ་འཇུག་མི་འདོད་ཚེ། གསང་སྡོམ་གྱི་ཁྱད་ཆོས་ལྡན་པའི་འབྲེལ་མཐུད་ཀྱི་བཀོལ་ཆས་དེ་འདྲ་བེད་སྤྱོད་བྱོས།

ཁ་པར་གྱིས་ཁྱེད་རང་གི་སྡོད་གནས་གཞན་ལ་མཁོ་སྤྲོད་བྱེད་ཀྱི་ཡོད།

ཁྱེད་རང་གི་ཁ་པར་དེ་དོ་བདག་གི་སྡོད་གནས་མཁོ་སྤྲོད་བྱེད་པར་དམིགས་ཏེ་འཆར་འགོད་བྱས་ཡོད། ཁ་པར་གྱིས་ག་དུས་ཡིན་ཡང་བརྡ་རྟགས་ཡག་ཤོས་དེ་འཚོལ་ཐབས་བྱེད་ཀྱི་ཡོད་པས། དུས་ནས་དུས་སུ་ཁྱེད་རང་གི་ཉེ་འགྲམ་གྱི་ཁ་པར་བརྡ་རྟགས་མཁོ་སྤྲོད་བྱེད་མཁན་གྱི་ལྕགས་མདོང་ལ་མཐུད་ཀྱི་ཡོད་ལ། དེས་ཁྱེད་རང་གི་སྡོད་གནས་ངོས་འཛིན་དང་། ཁྱེད་རང་གི་བྱང་བུའི་ཨང་གྲངས། རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས་སོགས་ཐོ་འགོད་བྱེད་ཀྱི་ཡོད། ཁྱེད་རང་གི་ཉེ་འཁོར་གྱི་ལྕགས་མདོང་གསུམ་བེད་སྤྱོད་བྱས་པའི་ཐོག་ནས། ཁྱེད་རང་གི་སྡོད་གནས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད་ལ། ཐབས་ལམ་དེར་ཟུམ་གསུམ་མའི་བཀོད་པ་ཟེར།

དེང་སང་ང་ཚོ་མང་ཆེ་བའི་ཁ་པར་ནང་ལ་དྲ་རྒྱ་དང་རྒྱལ་སྤྱིའི་ཕྱོགས་སྟོན་མ་ལག་(GPS) ཡོད་ལ། དེ་དག་གིས་ནོར་འཁྲུལ་གང་ཡང་མེད་པའི་ཐོག་ནས་ཁྱེད་རང་གི་སྡོད་གནས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། སྡོད་གནས་ཀྱི་གནས་ཚུལ་དེ་ཁྱེད་རང་གི་ཁ་པར་ནང་གི་པར་རིས་དང་། འཕྲིན་ཐུང་། ད་དུང་རང་ཉིད་ཀྱི་ཁ་པར་བརྒྱུད་ནས་དྲྭ་རྒྱའི་འབྲེལ་མཐུད་ཀྱི་རེ་སྐུལ་ཞུས་པ་སོགས་ལས་ཀྱང་རྙེད་ཐུབ་ཀྱི་ཡོད།

test

ཡིན་ཡང་། ཁྱེད་ལ་གདམ་ག་ཁ་ཤས་ཡོད་པ་གཤམ་གསལ་ལྟར།

དང་པོ། གལ་ཏེ། ཁྱེད་རང་གིས་ད་དུང་ཡང་གློག་རྫས་ཕྱིར་བཏོན་ཆོག་པའི་ཁ་པར་རིགས་བེད་སྤྱོད་བྱེད་ཀྱི་ཡོད་ཚེ། རང་ཉིད་ཀྱི་སྡོད་གནས་དང་འགྲུལ་སྐྱོད་ཀྱི་བྱེད་སྒོ་རིགས་གཞན་ལ་ཤེས་སུ་འཇུག་འདོད་མེད་པའི་གནས་སྐབས་སུ། ཁ་པར་གྱི་གློག་རྫས་ཕྱི་ལ་བཏོན་ཆོག

གཉིས་པ། དམིགས་ཡུལ་མི་འདྲ་བ་རེ་རེའི་ཆེད་དུ། ཁ་པར་མི་འདྲ་བ་རེ་བེད་སྤྱོད་བྱེད་ཆོག ཁ་པར་གྱི་གློག་སྒོ་བརྒྱབ་པ་ཙམ་གྱིས་འགྲིག་གི་མེད། གང་ཡིན་ཞེ་ན། གློག་སྒོ་བརྒྱབ་པའི་གནས་སྐབས་སུའང་། ཁ་པར་སྔར་བཞིན་བརྡ་རྟགས་ཀྱི་ལྕགས་མདོང་ལ་མཐུད་ཀྱི་ཡོད།

གསུམ་པ།གལ་ཏེ་ཁྱེད་རང་ལ་སོ་སོའི་སྡོད་གནས་མི་གཞན་གྱིས་ངོས་འཛིན་བྱེད་སྲིད་པའི་སེམས་འཚབ་ཡོད་ཚེ། རང་ཉིད་ཀྱི་ཁ་པར་ནང་གི་རྒྱལ་སྤྱིའི་ཕྱོགས་སྟོན་མ་ལག་(GPS)གི་སྒོ་བརྒྱབ་ཆོག

གོང་དུ་གླེང་ཟིན་པའི་དོན་ཚན་གསུམ་དེ་དག་ཁྱེད་རང་གི་གནས་སྟངས་དང་ཏག་ཏག་འཚམ་གྱི་མེད་སྲིད་རུང་། ཁྱེད་རང་གིས་ད་དུང་ཡང་རང་ཉིད་གསང་བའི་ཐོག་ནས་དགའ་རོགས་སྒྲིག་ཏུ་འགྲོ་བ་དང་། ཚོགས་འདུ་གལ་ཆེན་སོགས་ལ་ཞུགས་པའི་གནས་སྐབས་སུ། མི་གཞན་པར་རང་ཉིད་ཀྱི་སྡོད་གནས་ཤེས་སུ་འཇུག་འདོད་མེད་ཚེ། ཁྱེད་རང་གི་ཁ་པར་ས་གནས་གཞན་ཞིག་ཏུ་བསྐྱུར་ཆོག

ཁ་པར་གྱིས་ཁྱེད་རང་གི་ཁ་བརྡ་ལ་ལྐོག་ཉན་བྱེད་ཐུབ།

ཁྱེད་རང་གིས་དུས་རྒྱུན་ཁ་པར་ནི་རང་ཉིད་ཀྱི་གྲོགས་པོ་དང་ནང་མི་སོགས་ལ་ཁ་བརྡ་བྱེད་སྤྱད་ཙམ་རེད་བསམ་གྱི་ཡོད་སྲིད། འོན་ཀྱང་། ཁྱེད་ཀྱིས་སོ་སོའི་ཁ་པར་གྱིས་རང་ཉིད་ལ་ལྐོག་ཉན་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད་དམ། མི་གཞན་པར་སོ་སོའི་སྐོར་ལ་འཆལ་གཏམ་སྤེལ་དུ་མ་འཇུག

ཁ་པར་ཞབས་ཞུ་བསྐྲུན་མཁན་གྱི་བཟོ་ཚོང་ཁང་གང་རུང་ལ། ཁ་པར་གྱི་དྲྭ་བ་བརྒྱུད་ནས་གཏོང་ལེན་བྱས་པའི་ཁ་པར་དང་འཕྲིན་ཐུང་གི་གནས་ཚུལ་ཆ་ཚང་རེག་ཐུབ་ཀྱི་ཡོད་སྟབས། ཁ་པར་གྱི་གླེང་མོལ་ལ་ལྐོག་ཉན་དང་འཕྲིན་ཐུང་རིགས་གསོག་ཉར་བྱེད་པའི་ནུས་པ་ཡོད་ལ།གནས་ཚུལ་དེ་དག་མིག་སྔར་ཁ་པར་བཟོ་ཚོང་ཁང་དུ་ལས་ཀ་བྱེད་མཁན་གྱི་ཁྱེད་རང་གི་དགའ་རོགས་ཟུར་བ་དང་། ཁྱེད་ལ་འཕྱ་སྨོད་བྱེད་འདོད་མཁན་གྱི་ཁྱེད་རང་གི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་ཟུར་བ། ཐ་ན། ས་གནས་དང་དབུས་སྲིད་གཞུང་སོགས་ལའང་རེག་ཐུབ་ཀྱི་ཡོད།

ཁྱེད་རང་གི་ཉེ་འཁོར་དུ་གནས་སྡོད་བྱེད་མཁན་གྱི་མི་གང་རུང་ཞིག་ལ་ལྐོག་ཉན་གྱི་ཡོ་ཆས་ཤིག་ཡོད་ཚེ། ཁོང་གིས་ཀྱང་ཡོ་ཆས་དེ་བེད་སྤྱོད་བཏང་སྟེ། ཁྱེད་ཀྱི་ཁ་པར་ནང་གི་གླེང་མོལ་ཆ་ཚང་ལས་སླ་པོའི་ཐོག་ནས་ལྐོག་ཉན་བྱེད་ཐུབ་ཀྱི་ཡོད། སྒེར་གྱི་མྱུལ་ཞིབ་པ་དག་གིས་ཡོ་ཆས་དེ་འདྲ་བེད་སྤྱད་དེ། ནམ་རྒྱུན་བཟའ་ཟླ་ནང་ཁུལ་གྱི་ཟུར་བསྟེན་དགའ་རོགས་དང་འབྲེལ་བའི་རྙོག་གླེང་དང་ཉེས་འཛུགས་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན།

comments powered by Disqus