ཀྲུང་གོའི་ངོ་གདོང་ངོས་འཛིན་འཕྲུལ་ཆས།

ཀྲུང་གོའི་ངོ་གདོང་ངོས་འཛིན་འཕྲུལ་ཆས།

མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཡོད་པའི་ཀྲུང་གོའི་རྒྱལ་ཁབ་ལ་ཆ་མཚོན་ན། མི་སྒེར་གྱི་ངོ་བོའི་གཞི་གྲངས་ཆ་ཚང་དབུས་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་རི་གཉིས་ཀར་བསྡུར་ན། ཀྲུང་གོའི་ས་ཁོངས་སུ་ངོ་གདོང་ངོས་འཛིན་མ་ལག་གི་འཕྲུལ་ཆས་དེ་ལག་ལེན་བསྟར་རྒྱུ་ལས་སླ་པོ་ཡོད་ལ། ཀྲུང་གོའི་འཕྲུལ་རིག་གི་བཟོ་ཚོང་ཁང་ཁག་ནི། གློག་ཀླད་བརྒྱུད་ནས་ངོ་གདོང་ངོས་འཛིན་མ་ལག་གསར་གཏོད་ཀྱི་ཐད་ལ་མ་རྩ་འཛུགས་མཁན་གཙོ་བོ་དེ་ཆགས་ཡོད།

ངོ་གདོང་ངོས་འཛིན་མ་ལག་གིས་ཇི་ལྟར་ལས་ཀ་བྱེད་ཀྱི་ཡོད།

ངོ་གདོང་ངོས་འཛིན་མ་ལག་དེ་མཛུབ་རིས་ངོས་འཛིན་བྱེད་པ་དང་མི་འདྲ་བར། ཐག་རིང་ནས་ཁྱེད་ཀྱི་ངོ་གདོང་བཤེར་ཏེ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། ཁྱེད་རང་སྒེར་གྱི་ངོ་གདོང་གི་པར་བཤུས་དེ་མི་གཞན་དང་མི་འདྲ་བའི་ཨང་ཚབ་ཅིག་གིས་གྲུབ་ཡོད་ལ། ཐུན་མིན་གྱི་ཨང་ཚབ་དེ་ཁྱེད་རང་གཅིག་པུ་ལ་སྦྲེལ་ཡོད། ངོ་གདོང་ངོས་འཛིན་མ་ལག་དེ་ཁྱེད་རང་གི་སྣའི་ཞེང་ཚད་དང་། མིག་གཉིས་བར་གྱི་བར་ཐག་སོགས་ངོ་གདོང་གི་བར་མཚམས་འདྲ་མིན་ཚད་འཇལ་ཏེ་བཟོས་པ་ཡིན་ལ། ཁྱེད་རང་གི་ངོ་གདོང་གི་བར་མཚམས་༨༠་ལྷག་བེད་སྤྱད་དེ་ངོ་གདོང་ངོས་འཛིན་མ་ལག་དེ་ལེགས་འགྲུབ་བྱས་ཡོད། ངོ་གདོང་པར་བཤུས་བླངས་ཚར་བའི་རྗེས་སུ། དེ་གཞི་གྲངས་ཀྱི་མཛོད་ཁང་བརྒྱུད་དེ། དབུས་གཞུང་གི་ཡིག་ཚགས་ཀྱི་ནང་དུ་ཡོད་པའི་མི་སྒེར་གྱི་མིང་དང་ལོ་རྒྱུས་ལ་སྦྲེལ་གྱི་ཡོད། སྤྱི་ལོ་༢༠༡༥་ནས་བཟུང་སྤྱི་བདེ་ལས་ཁུངས་གིས། འཛམ་གླིང་གི་ཆེས་ཚད་མཐོ་ཞིང་། ཆེས་ཁྱབ་ཆེ་བའི་ངོ་གདོང་ངོས་འཛིན་མ་ལག་གསར་བཟོ་བྱེད་པའི་ལས་གཞི་འགོ་བརྩམས་ཡོད་ལ། ངོ་གདོང་ངོས་འཛིན་མ་ལག་གི་འཕྲུལ་ཆས་དེའི་ངོས་འཛིན་དང་འབྲེལ་བའི་ནོར་འཁྲུལ་གྱི་བརྒྱ་ཆ་0.8 ཡིན་པས། མ་ལག་དེས་མི་1,000 ངོས་འཛིན་བྱས་པའི་དབང་དུ་བཏང་ཚེ།་དེའི་ནང་ནས་བརྒྱད་མ་གཏོགས་ནོར་མི་སྲིད། ངོ་གདོང་ངོས་འཛིན་མ་ལག་དེ་ལས་ཀའི་ཁུངས་གང་དུ་བེད་སྤྱོད་བྱེད་ཀྱི་ཡོད།

བདེ་འཇགས་དང་ཉེན་རྟོག་གི་ལས་ཀའི་ཁྱབ་ཁོངས་སུ། ངོ་གདོང་ངོས་འཛིན་བྱེད་སྤྱད་ཀྱི་འཕྲུལ་ཆས་མང་པོ་ཡོད་ལ། འཕྲུལ་ཆས་དེ་དག་གིས། གཞུང་ལམ་འཕྲེད་གཅོད་བྱེད་པའི་མི་སོགས་ཉེས་པ་ཆུང་ཚགས་རིགས་བསགས་མཁན་ནས། ནག་ཉེས་ལྕི་མོ་བསགས་མཁན་གྱི་མི་གསོད་ལག་དམར་སོགས་དུས་ཐོག་ཏུ་ངོས་འཛིན་བྱས་ཏེ་དེ་དག་འཛིན་བཟུང་བྱེད་པར་རོགས་འདེགས་བྱེད་ཐུབ་ལ། བོར་བརླག་ཏུ་ཕྱིན་པའི་རྒན་རྒོན་དང་བྱིས་པ་སོགས་ཀྱང་ངོ་གདོང་ངོས་འཛིན་འཕྲུལ་ཆས་བརྒྱུད་དེ་བཙལ་ཐུབ་ཀྱི་ཡོད། ད་དུང་། དེ་མ་ཚད། མ་ལག་དེ་བརྒྱུད་དེ་འཇིགས་སྐུལ་གྱི་བྱེད་སྒོ་སོགས་ཀྱང་སྔོན་འགོག་བྱེད་ཐུབ། ད་ཆ་པེ་ཅིན་དང་ཐེན་ཅིན་གྱི་ས་གནས་སྤྱི་བདེ་མི་སྣ་ཁག་གིས་ཞའོ་ལུང་(枭龙科技)་ཚན་རྩལ་སྤྱི་གཉེར་ཁང་གིས་བཟོས་པའི་ཤུགས་སྐྱེད་དངོས་ཡོད་མིག་ཤེལ་(增强现实眼镜) བེད་སྤྱོད་བྱེད་ཀྱི་ཡོད་ལ། མིག་ཤེལ་དེས་མི་གང་རུང་ཞིག་གི་གདོང་དབྱིབས་དེ་དབུས་གཞུང་གི་གཞི་གྲངས་ཀྱི་མཛོད་དང་ཁུངས་གཏུགས་བྱས་ཏེ། ཉེས་ཅན་མི་སྣ་དུས་ཐོག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།

དྲ་ཐོག་གི་དངུལ་སྒོར་སྤྲོད་ལེན།

ཧང་ཀྲུག་གྲོང་ཁྱེར་ནང་གི་བྱ་བསྲེག་མགྱོགས་ཟས་ཟ་ཁང་(肯德基)ཞིག་ཏུ། སྒོར་ཁུག་ལེན་མ་དགོས་པར། པར་ཆས་ཀྱི་ནང་དུ་འཛུམ་བསྟན་ཏེ་ཟ་རིན་སྤྲོད་པའི་འཕྲུལ་ཆས་ཤིག་ཚོད་ལྟ་བྱེད་ཀྱི་ཡོད་ལ། དེ་ནི་ཨ་ལི་པ་པ་ཚང་གིས་མི་རབས་གསར་པ་ཚོར་དམིགས་ཏེ་བཟོ་བཞིན་པའི་འཕྲུལ་ཆས་གསར་པ་ཞིག་ཡིན།

restaurant&malls

ཤོག་དངུལ་དང་དངུལ་ཁང་གི་བྱང་བུ་བརྒྱུད་དེ་ཟ་རིན་སྤྲོད་པའི་ཚབ་ཏུ། ཟ་མ་ཉོ་མཁན་དེ་འཆར་ཡོལ་གྱི་མདུན་དུ་ལངས་ཏེ་འཛུམ་ཞིག་བསྟན་པ་ཡིན་ན། 3-D པར་ཆས་ཤིག་གིས་མི་དེའི་གདོང་དབྱིབས་བཤེར་ཏེ། མི་དེའི་ངོ་བོ་ངོས་འཛིན་བྱས་པའི་ཐོག་ནས་དངུལ་ལེན་གྱི་ཡོད། གལ་ཏེ་ཁྱེད་རང་ ཨ་ལི་པ་པ་ཚང་གི་བཀོལ་ཆས་(支付宝)ཀྱི་ནང་དུ་ཐོ་འགོད་བྱས་ཡོད་ཚེ། དངུལ་སྤྲོད་ལེན་ཧ་ཅང་སྟབས་བདེ་བཟོས་ཡོད།

ཨ་ལི་པ་པ་ཚང་གི་ངོ་གདོང་ངོས་འཛིན་འཕྲུལ་ཆས་བརྒྱུད་དེ་དྲ་ཐོག་དངུལ་སྒོར་སྤྲོད་ལེན་བྱེད་པའི་འཕྲུལ་ཆས་དེ། ཅང་ཞིའི་མི་དམངས་སྨན་ཁང(江西人民医院)་དུའང་བཀོལ་སྤྱོད་བྱེད་ཀྱི་ཡོད། ནད་པའི་ལོ་རྒྱུས་ཐོ་འགོད་བྱས་པ་ཡིན་ན། སྨན་རིན་སྤྲོད་པའི་ལས་ཀའི་རིགས། ཁ་པར་དང་དངུལ་ཁང་གི་བྱང་བུ་སོགས་བཀོལ་སྤྱོད་བྱེད་མ་དགོས་པར། སྐར་ཆ་10 ཡི་ནང་དུ་ཆ་ཚང་སྒྲུབ་ཚར་གྱི་ཡོད། དེ་བཞིན་འགྲིམ་འགྲུལ་སྟབས་བདེ་དང་ཚགས་ཚུད་ཡོང་ཐབས་སུ། པེ་ཅིན་གྱི་ས་འོག་མེ་འཁོར་གྱི་ནང་དུའང་། འཛིན་བྱང་སོགས་ཉོ་མ་དགོས་པར། ཐད་ཀར་ངོ་གདོང་དང་ལག་མཐིལ་ངོས་འཛིན་བྱས་ཏེ་ཐད་ཀར་མེ་འཁོར་ནང་འཛུལ་ཐུབ་པའི་འཆར་གཞི་འདིངས་ཀྱི་ཡོད།

འགྲུལ་བཞུད་དང་མགྲོན་ཁང་།

ཧྲང་ཧེའི་ཧོང་ཆའོ་རྒྱལ་སྤྱིའི་གནམ་ཐང(上海虹桥国际机场)་དུ། ངོ་གདོང་ངོས་འཛིན་གྱི་མ་ལག་བེད་སྤྱོད་བྱེད་ཀྱི་ཡོད་ལ། འགྲུལ་བཞུད་པ་ཚོས་རང་ཉིད་ཀྱི་ཕྱི་བསྐྱོད་ལག་འཁྱེར་དང་བདེ་འཇགས་ཞིབ་བཤེར་གྱི་བརྒྱུད་རིམ་ཡོངས་རྫོགས་སྐར་ཆ་༡༢་ཡི་ནང་དུ་ཚར་ཐུབ་ཀྱི་ཡོད། མ་ལག་འདིས་དུས་ཡུན་ཆུ་ཚོད་གཅིག་གི་ནང་དུ། འགྲུལ་བཞུད་པ་ 2,000 གི་བདེ་འཇགས་ཞིབ་བཤེར་གྱི་བརྒྱུད་རིམ་ཚར་ཐུབ་ཀྱི་ཡོད། ལོ་རེར་འགྲུལ་བཞུད་པ་ས་ཡ་100 ་ལྷག་སྟངས་འཛིན་བྱེད་ཐུབ་པར་དམིགས་ནས་འཆར་འགོད་བྱས་པའི་པེ་ཅིན་གྱི་གནམ་ཐང་གསར་པས་ཀྱང་། ངོ་གདོང་ངོས་འཛིན་གྱི་མ་ལག་བེད་སྤྱད་དེ་བདེ་འཇགས་ཞིབ་བཤེར་བྱེད་ངེས་ཡིན། ཀྲིག་ཅང་ཞིང་ཆེན་ནང་དུ་ཡོད་པའི་ཧང་ཀྲུག་བན་ཧའོ་གསོལ་མགྲོན་ཁང་(杭州万豪酒店) དང་། ཧའེ་ནན་ཞིང་ཆེན་ནང་ཡོད་པའི་སན་ཡ་བན་ཧའོ་གསོལ་མགྲོན་ཁང་(三亚万豪酒店)གཉིས་ཀྱི་ནང་དུ་སྡོད་པར། restaurant&mallsཞབས་ཞུའི་སྒྲོག་ཙེའི་མདུན་དུ་མགྲོན་ཁང་གི་ལྡེ་མིག་ལ་རྒྱུན་རིང་པོར་སྒུག་མ་དགོས་པར། ངོ་གདོང་ངོས་འཛིན་གྱི་མ་ལག་བརྒྱུད་ཐོ་འགོད་བྱེད་ཐུབ་ཀྱི་ཡོད། མ་ལག་འདི་ནི་ཨ་ལི་པ་པ་བཟོ་ཚོང་ཁང་དང་མཉམ་འབྲེལ་གྱི་ཐོག་ནས་བཟོས་པའི་མ་ལག་ཅིག་ཡིན་ལ། སྲོལ་རྒྱུན་གྱི་ཐོ་འགོད་བརྒྱུད་རིམ་ཁྲོད་དུ། ཉུང་མཐར་ཡང་སྐར་མ་གསུམ་ལྷག་འགོར་ངེས་ཀྱང་། ངོ་གདོང་ངོས་འཛིན་གྱི་མ་ལག་འདིས། མགྲོན་ཁང་གི་ཞབས་ཞུ་ཚགས་ཇེ་ཚུད་དུ་བཏང་ཡོད་པ་མ་ཟད། མགྲོན་པོ་ཚོར་ཡང་ཧ་ཅང་སྟབས་བདེ་བཟོས་ཡོད།

comments powered by Disqus