གྷོ་གྷིལ་ཚང་གི་འབུ་བླ་མ་མ་ཎིའི་བཤེར་ཆས་སྒོ་བརྒྱབ།

གྷོ་གྷིལ་ཚང་གི་འབུ་བླ་མ་མ་ཎིའི་བཤེར་ཆས་སྒོ་བརྒྱབ།

སྤྱི་ལོ་༢༠༡༧་ནས་བཟུང་། གྷོ་གྷིལ་(Google)བཟོ་ཚོང་ཁང་གི་བཟོ་སྐྲུན་འཆར་འགོད་པ་བརྒྱ་ལྷག་གིས། ཀྲུང་གོའི་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་ཚོ་ཁོ་ནར་དམིགས་ཏེ་གསར་སྐྲུན་གནང་བཞིན་པའི་འབུ་བླ་མ་མ་ཎིའི་བཤེར་ཆས་དེ་ད་ཆ་ཨ་རིའི་ནང་གི་གནོན་ཤུགས་ལ་བརྟེན་ནས་གནས་སྐབས་རིང་སྒོ་རྒྱག་དགོས་པ་ཆགས་འདུག

ཨན་ཌོ་མ་ལག་གི་ནང་དུ་འཆར་འགོད་བྱེད་ཀྱིན་པའི་འབུ་བླ་མ་མ་ཎིའི་བཤེར་ཆས་དེའི་ནང་དུ། BBC གསར་ཁང་དང་། ཝེ་ཁེའི་རིག་མཛོད་སོགས་འཛམ་གླིང་གི་དྲྭ་ཚིགས་སྟོང་ཕྲག་ལྷག་སྔ་ནས་བཀག་འགོག་བྱས་ཡོད། གྷི་གྷིལ་བཟོ་ཚོང་ཁང་གི་གསང་རྒྱའི་སྡེ་ཚན་གྱིས་འབུ་བླ་མ་མ་ཎིའི་བཤེར་ཆས་འཆར་འགོད་སྡེ་ཚན་གྱི་ངོས་ནས་ལས་འཆར་དེ་ཁོ་ཚོར་གསང་བ་ཉར་བ་དེར་སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་བྱས་ཡོད་ལ། གསང་རྒྱའི་སྡེ་ཚན་གྱི་བཀའ་དྲིན་ལ་བརྟེན་ནས། འབུ་བླ་མ་མ་ཎིའི་བཤེར་ཆས་དང་འབྲེལ་བའི་ལས་འཆར་དེ་གནས་སྐབས་རིང་མཚམས་འཇོག་བྱེད་ཐུབ་ཡོད།

འོན་ཀྱང་། ང་ཚོས་ཤེས་དགོས་པ་ཞིག་ལ། གྷི་གྷིལ་བཟོ་ཚོང་ཁང་གིས་ཀྲུང་གོའི་དྲྭ་རྒྱའི་ཁྲོམ་རྭར་བཅངས་བའི་ཧམ་སེམས་དེར་འགྱུར་བ་གང་ཡང་ཕྱིན་མེད། གང་ཡིན་ཞེ་ན། ཀྲུང་གོ་ནི་འཛམ་གླིང་གི་དྲྭ་རྒྱའི་ཁྲོམ་རྭ་ཆེ་ཤོས་དེ་ཡིན་པ་བཞིན། གྷི་གྷིལ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་སན་ངྷར་ཕེ་ཆེ་(Sundar Pichai) ལགས་ཀྱིས། ཀྲུང་གོ་ནི་ཁྲོམ་རྭ་གལ་ཆེན་ཞིག་ཡིན་པ་ཐག་གཅོད་གཙང་མ་བྱས་ཡོད་པས། ལས་འཆར་འདི་གནས་སྐབས་རིང་སྒོ་བརྒྱབ་ཡོད་ཀྱང་། གྷོ་གྷིལ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཁྲོམ་རྭའི་ནང་འཛུལ་ཐབས་ཀྱི་ལམ་ཁ་གཞན་པ་ཞིག་ཏན་ཏན་བཙལ་ངེས།

  • གྷོ་གྷིལ་(Google)་བཟོ་ཚོང་ཁང་གིས། སྤྱི་ལོ་༢༠༠༦ ལོར། google.cn གྱི་མ་ལག་དེ་ཀྲུང་གོའི་རྒྱལ་ཁོངས་སུ་སྒོ་འབྱེད་བྱས་ཡོད་ཀྱང་། རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་སྤྱི་ལོ ༢༠༡༠ ལོར་ཕྱིར་འཐེན་གནང་ཡོད།
  • གྷོ་གྷིལ་བཟོ་ཚོང་ཁང་གི་འཚོལ་བཤེར་Google དང་བརྙན་པར་གྱི་སྡིངས་ཆ YouTube གཉིས། རང་རྒྱལ་དུ་བཀག་འགོག་བྱས་ཡོད་ཀྱང་། བཟོ་ཚོང་ཁང་འདི་ལ་ཀྲུང་གོའི་ས་ཁོངས་སུ། ལས་ཁུངས་གསུམ་དང་། ལས་བྱེད་༧༠༠ ལྷག་ཡོད།
  • གྷོ་གྷིལ་ཡིག་སྒྱུར་གྱི་བཀོལ་ཆས་དེ་༢༠༡༧་ལོར་རང་རྒྱལ་དུ་ངོས་ལེན་གནང་ཡོད་ལ། གྷོ་གྷིལ་བཟོ་ཚོང་ཁང་གིས་སྐད་འཕྲིན་གྱི་ནང་དུ་རྩེད་མོའི་རིགས་ཀྱང་བཟོས་ཡོད།

——-འདིའི་སྐོར་གྱི་གནས་ཚུལ་གལ་ཆེན་དང་གསར་བ་འདྲ་ཐོན་ཚེ། ཐེངས་རྗེས་མའི་གསར་འགྱུར་གྱི་ཁོངས་སུ་མུ་མཐུད་ནས་ཁ་སྐོང་བྱེད་ངེས།

comments powered by Disqus