འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་རྙོག་གླེང་།

འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་རྙོག་གླེང་།
འཛམ་གླིང་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་དང་སྐད་གྲགས་ཆེ་ཤོས་ཡིན་པའི་གྷོ་གྷིལ་(Google)བཟོ་ཚོང་ཁང་གིས་རང་རྒྱལ་གྱི་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་ཚོ་ཁོ་ནར་དམིགས་ཏེ། འབུ་བླ་མ་མ་ཎི་ཟེར་བའི་དྲྭ་རྒྱའི་བཤེར་ཆས་གསར་བ་ཞིག་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཉིན་འདི་ཚོར་དྲྭ་ལམ་དུ་ཤུགས་ཆེར་དར་ཁྱབ་འགྲོ་བཞིན་ཡོད།
འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད།
༡ ༽ འབུ་བླ་མ་མ་ཎིའི་བཤེར་ཆས་ཟེར་བ་དེ་ཨན་ཌོ་མ་ལག་གི་ནང་དུ་འཆར་འགོད་བྱེད་ཀྱིན་པའི་བཤེར་ཆས་ཤིག་ཡིན་ལ། བཤེར་ཆས་དེས་བཀོལ་ཆས་དེ་དྲྭ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་གི་ཁ་པར་ཨང་གྲངས་ལ་སྦྲེལ་གྱི་ཡོད། ༢ ༽ བཤེར་ཆས་དེས་འགྲོ་བ་མིའི་ཐོབ་ཐང་དང་། ཞི་བདེའི་གཟེངས་རྟགས་སོགས་ཀྱི་མཚོན་པའི་ཐ་སྙད་ཁ་ཤས་སྔ་ས་ནས་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།
སྤྱིར་རང་རྒྱལ་གྱི་བཀོལ་ཆས་རིགས་དཔེར་ན།སྐད་འཕྲིན་དང་། པོད་འཕྲིན་སོགས་སོ་སོའི་ཁ་པར་ཨང་གྲངས་ལ་སྦྲེལ་ཡོད་པ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་།ཕྱི་གླིང་གི་བཟོ་ཚོང་ཁང་ཞིག་གིས་བཀོལ་ཆས་དེ་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་གྱི་ཁ་པར་ལ་སྦྲེལ་དགོས་པ་བཟོས་པ་དེས། ཨ་རིའི་རྩ་ཁྲིམས་ཀྱི་ནང་དུ་འཁོད་པའི་མི་སྒེར་གྱི་རང་དབང་དང་གསང་རྒྱའི་ཐོབ་ཐང་ལ་དོ་ཕོག་འགྲོ་ངེས་པའི་སེམས་འཚབ་ཁྲོད། མི་མང་སྟོང་ཕྲག་མང་པོས། གྷོ་གྷིལ་བཟོ་ཚོང་ཁང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད།
ཕྱི་ནང་གི་ཡ་ལན།
འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་གནས་ཚུལ་འདིའི་རྐྱེན་གྱིས། གྷོ་གྷིལ་བཟོ་ཚོང་ཁང་ལ་ཕྱི་ནང་གཉིས་ཀ་ནས་གནོན་ཤུགས་ཕོག་གི་ཡོད། ༡ ༽ གྷོ་གྷིལ་བཟོ་ཚོང་ཁང་གི་ཉམས་ཞིབ་ཚན་རིག་པ་བགྲེས་པ་ཇེ་ཁིག་ཕོལ་སིན་(Jack Poulson)ཐེ་བའི། ལས་བྱེད་མི་སྣ་ལྔ་ལྷག་སོ་སོའི་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག ༢ ༽ གྷོ་གྷིལ་བཟོ་ཚོང་ཁང་གི་ལས་བྱེད་མི་སྣ་༡༤༠༠ ལྷག་གིས་བཟོ་ཚོང་ཁང་གི་འགོ་ཁྲིད་ཚོར་ཞུ་ཡིག་ཕུལ་ཏེ།འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་གནས་ཚུལ་ཁ་གསལ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག ༣ ༽ ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་མི་ཁག་ཅིག་གིས་གྷོ་གྷིལ་བཟོ་ཚོང་ཁང་ལ་འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་སྐོར་ལ་དྲིས་ལན་ཁ་གསལ་འདེབས་དགོས་པའི་བཀའ་བཀོད་བཏང་ཡོད་འདུག
འབུ་བླ་མ་མ་ཎིའི་བཤེར་ཆས་ཀྱི་ཉེས་སྐྱོན།
འབུ་བླ་མ་མ་ཎིའི་བཤེར་ཆས་དེ་མི་སྒེར་གྱི་ཁ་པར་དང་མ་སྦྲེལ་རུང་། བདེ་འཇགས་མིན་པ། མི་སྒེར་གྱི་རང་དབང་དང་གསང་རྒྱ་ལ་འགན་ལེན་མེད་པ། དྲྭ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་གིས་དྲྭ་ཐོག་ནས་འཚོལ་བཤེར་བྱས་པའི་ལོ་རྒྱུས་ཁག་བསྔོག་བཤེར་དང་རྗེས་འདེད་གཏོང་སླ་བ། གནམ་གཤིས་འགྱུར་ལྡོག་དང་མཁའ་རླུང་གི་འབག་བཙོག་གི་ཚད་རིམ་སོགས་ཀྱི་གཞི་གྲངས་བསྒྱུར་བཅོས་བྱེད་ངེས་པ་བཅས་སོ།།
**བདག་གིས་བཤེར་ཆས་འདིའི་སྐོར་གྱི་གནས་ཚུལ་སྐོར་ལ་མུ་མཐུད་དུ་གཟབ་ཉན་དང་རྗེས་འདེད་བྱེད་ངེས་པས། དེའི་འབྲེལ་གྱི་གནས་ཚུལ་གལ་ཆེན་དང་གསར་བ་འདྲ་ཐོན་ཚེ། ཐེངས་རྗེས་མའི་གསར་འགྱུར་གྱི་ཁོངས་སུ་ཁ་སྐོང་བྱེད་ངེས།