གློག་རྡུལ་ཡིག་ཆ་མང་པོ་གསོག་ཉར་མ་བྱེད།

གློག་རྡུལ་ཡིག་ཆ་མང་པོ་གསོག་ཉར་མ་བྱེད།

༡ གློག་རྡུལ་ཡིག་ཆ་གསོག་མཁན་ནི། རིན་ཐང་གང་ཡང་མེད་པ་དང་། རང་ཉིད་ལ་ཕན་ཐོགས་མེད་པའི་གློག་རྡུལ་གྱི་ཡིག་ཆའི་རིགས་གཏན་ནས་གསུབ་འདོད་མེད་མཁན་གྱི་གང་ཟག་ལ་གོ་ཞིང་། གང་ཟག་དེའི་བྱ་སྤྱོད་ཀྱི་ཁོངས་སུ། གློག་རྡུལ་གྱི་ཡིག་ཆ་ཕོན་ཆེན་པོ་གསོག་འཇོག་བྱེད་པ་དང་། དགོས་མེད་དང་འབྲེལ་མེད་ཀྱི་གློག་རྡུལ་གྱི་ཡིག་ཆ་གང་མང་ཉར་ཚགས་བྱེད་པ་སོགས་ཚུད་ཡོད།

༢ གློག་རྡུལ་གྱི་ཡིག་ཆ་ཕོན་ཆེན་པོ་ཡོད་པ་དེ་ནམ་རྒྱུན་གློག་རྡུལ་གྱི་རྙོག་འཛིང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་མཉེན་ཆས་གང་མང་དུས་ནས་དུས་སུ་ནང་འཇུག་བྱས་ཏེ། གློག་ཀླད་ཀྱི་ཤེལ་ངོས་སུ་མཉེན་ཆས་ཀྱི་རི་མོས་ཁེངས་འགྲོ་བ་ལྟ་བུར་མཚོན་ན། ཡིག་ཆ་གང་མང་གསོག་ཉར་བྱས་ཏེ། གློག་ཀླད་ཀྱི་ཤེལ་ངོས་རྙོག་འཛིང་བཟོས་ཡོད་པ་དེས་གློག་ཀླད་བེད་སྤྱོད་གཏོང་མཁན་གང་ཟག་གི་མངོན་འདོད་མཚོན་མི་ཐུབ།

༣ གློག་རྡུལ་ཁྱིམ་ལས་ནི་དུས་རྒྱུན་གློག་རྡུལ་གྱི་རྙོག་འཛིང་དེ་དག་གཙང་བཟོ་བྱེད་པ་ལ་གོ་ཞིང་། དེས་མཉེན་ཆས་ཁ་ཤས་བེད་སྤྱད་དེ། མིང་གཅིག་ཡིན་པའི་ཡིག་ཆ་རིགས་ངོས་འཛིན་བྱས་ཏེ། ཡིག་ཆ་གཅིག་ཐེངས་གཉིས་རེར་ཉར་ཡོད་པ་ཆ་ཚང་གཙང་གསུབ་བྱེད་ཀྱི་ཡོད་པས། གློག་རྡུལ་གྱི་རྙིང་འཛིང་དེ་གཙང་སེལ་བྱེད་ཀྱི་ཡོད།

༤ གློག་རྡུལ་་ཡིག་ཆ་གསོག་ཉར་དེ། སྒེར་གྱི་གནས་ཚུལ་ཉར་ཡོད་སའི་གློག་རྡུལ་གྱི་ས་ཁོངས་གང་རུང་དུ་འབྱུང་གི་ཡོད། གཤམ་གྱི་ས་ཁོངས་འདི་དག་ནི་གློག་རྡུལ་གྱི་རྙོག་འཛིང་ཡོད་ས་ཤ་སྟག་ཡིན།

  • (a) བཤེར་ཆས་ཀྱི་མཐེབ་ཅུ།

  • (b) གློག་ཀླད་ཀྱི་ཤེལ་ངོས་སུ་མཉེན་ཆས་ཀྱི་རི་མོ་ཧ་ཅང་མང་བ།

  • (c) གློག་རྡུལ་པར་རིས།

  • (d) ཡིག་ཆ་རྙིང་པ།

གལ་ཏེ་མི་ཞིག་གིས་འབྲེལ་མེད་ཀྱི་ཡིག་ཆའི་རིགས་མ་གསུབ་པའམ། ཡང་ན། དེ་དག་དོ་དམ་ཡག་པོ་མ་བྱས་ན། གློག་རྡུལ་གྱི་ཡིག་ཆ་རིགས་རྙོག་འཛིང་ཅན་དུ་འགྱུར་སྲིད།

  • (e) གློག་རྡུལ་གྱི་ཡིག་ཆའི་སྒམ་ཆུང་།

  • (f) རྙོག་འཛིང་ཅན་གྱི་གློག་འཕྲིན་ཡིག་ཟམ་གྱི་འབྱོར་ཡིག་སྒམ། གལ་ཏེ་མི་ཞིག་གིས་གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཡི་གེ་རིགས་དོ་དམ་མ་བྱས་པའམ། འབྲེལ་མེད་ཀྱི་ཡི་གེའི་རིགས་མ་གསུབ་པ་ཡིན་ན། གློག་འཕྲིན་ཡིག་ཟམ་གྱི་འབྱོར་ཡིག་སྒམ་དེ་རྙོག་འཛིང་ཅན་ཞིག་ཆགས་ཀྱི་ཡོད།

  • (g) བཀོལ་སྤྱོད་བྱེད་ཀྱིན་མེད་པའི་དྲ་བའི་ཤོག་འཛར་རིགས།

  • (h) རོལ་དབྱངས་དང་གློག་བརྙན་གྱི་ཡིག་ཆ།

  • (j) བཀོལ་སྤྱོད་བྱེད་ཀྱིན་མེད་པའི་མཉེན་ཆས་དང་། གློག་ཀླད་ཀྱི་མ་ལག བཀོལ་ཆསརྙིང་པ་སོགས།

༥ གློག་རྡུལ་ཡིག་ཆ་གསོག་ཉར་གྱི་རྒྱུ་རྐྱེན།

དེ་མི་སྒེར་རེ་རེའི་ཁྱད་ཆོས་དང་། གོམས་གཤིས། ཚོང་ལས་སྒྲིག་འཛུགས་ཀྱི་ཆ་རྐྱེན། སྤྱི་ཚོགས་ཀྱི་འགྲོས་སོགས་དང་འབྲེལ་བ་ཡོད།

(a) གློག་རྡུལ་གྱི་ཡིག་ཆའི་རིགས་འདོར་བའམ་གཙང་བཟོ་བྱེད་དུས་། མི་ཤས་ལ་རང་ཉིད་ཀྱི་ཧ་ཅང་གལ་ཆེ་བའི་དངོས་པོ་སོགས་བརླག་མི་འགྲོའམ་སྙམ་པའི་སེམས་ཁྲལ་ཡོད།

(b) གློག་རྡུལ་ཡིག་ཆ་གསོག་ཉར་བྱེད་མཁན་མང་པོ་ཞིག་གིས་རང་ཉིད་ཀྱི་ཡིག་ཆའི་ནང་དོན་རོགས་དོ་དམ་བྱེད་ཤེས་ཀྱི་མེད་པའམ། དེ་དོ་དམ་བྱེད་པའི་གོམས་གཤིས་མེད། མི་དེ་ཚོའི་རིགས་ལ་ཡིག་ཆ་གང་དག་རིན་ཐང་ལྡན་མིན་དང་། ཡིག་ཆ་གང་དག་བེད་མེད་ཡིན་མིན་ཐག་གཅོད་བྱེད་པའི་ཐབས་ལམ་གང་ཡང་་མེད།

(c) གློག་རྡུལ་ཡིག་ཆ་ཆ་ཚང་གསོག་ཉར་བྱས་ནས་བསྡད་ན། ཡིག་ཆ་དབྱེ་ཞིབ་དང་གཙང་གསུབ་ཀྱི་ཐོག་ཏུ་དུས་ཚོད་མང་པོ་གཏོང་བ་དང་རྩོལ་བ་བྱེད་པ་དེ་འདྲ་དགོས་དོན་མེད།

(d)ལས་ཁུངས་ཁག་དང་སྒྲིག་འཛུགས་ཆེ་ཁག་གིས།གློག་འཕྲིན་ཡིག་ཟམ་དེ་ཕན་ཚུན་འབྲེལ་མཐུད་ཀྱི་ལམ་ཁ་གཙོ་བོར་བེད་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན། གལ་ཆེན་པོ་མ་རེད་སྙམ་པའི་ཡིག་ཆ་དང་གླེང་མོལ་རིགས་གསུབ་ན། དེ་དག་རྗེས་སུ་དགོས་གལ་བྱུང་ཚེ། ཁོང་ཚོའི་ལས་དོན་ཐག་གཅོད་བྱེད་ཕྱོགས་ལ་དཀའ་ངལ་འཕྲད་སྲིད།

(e) དེང་སང་གློག་རྡུལ་གྱི་ཡིག་ཆའི་རིགས་ཕོན་ཆེན་པོ་གསོག་བྱེད་ཀྱི་ཡོ་ཆས་དེ་འདྲ་ཡོད་པ་མ་ཟད།་དེ་དག་རིན་གོང་ཡང་མཐོ་བོ་མིན་པས། མི་སྒེར་དང་། ལས་ཁུངས་ཁག སྒྲིག་འཛུགས་ཆེ་ཁག་གིས་ཡིག་ཆ་འདེམས་སྒྲུག་བྱས་ཏེ་གསོག་ཉར་བྱེད་པའི་དགོས་པ་དང་རྒྱུ་མཚན་ཆེན་པོ་མཐོང་གི་མེད།

(f) དྲ་ཐོག་ནས་གནས་ཚུལ་གྲངས་ལས་འདས་པ་དུས་ཐོག་ཏུ་ལས་སླ་པོའི་ཐོག་ནས་རེག་གི་ཡོད་པས། ཡིག་ཆ་མང་པོ་ཞིག་རང་བཞིན་གྱི་སོ་སོའི་གློག་ཀླད་ནང་མགྱོགས་པོ་བསགས་ཡོང་གི་ཡོད།

(g) གློག་རྡུལ་ཡིག་ཆ་གསོག་ཉར་དེ་དོན་དངོས་ཐོག་ཅ་ལག་གསོག་ཉར་བྱེད་པ་དང་བསྡུར་ན་ཧ་ཅང་སྟབས་བདེ་པོ་ཡིན་པ་ཧ་ཅང་ཁ་གསལ་པོ་ཡིན། གང་ཡིན་ཞེ་ན། གློག་རྡུལ་ཡིག་ཆ་གསོག་ཉར་བྱེད་པར་དོན་དངོས་ཀྱི་ས་ཆ་དེ་འདྲ་དགོས་ཀྱི་མེད། ཁྱེད་ཀྱིས་Google Drive ལྟ་བུའི་གློག་རྡུལ་ཡིག་ཆ་གསོག་བྱེད་ཀྱི་དྲ་ཐོག་གི་རིན་མེད་ཀྱི་མཐུན་རྐྱེན་དེ་བེད་སྤྱོད་བྱེད་ཆོག་ལ། དེ་དག་རྙོག་འཛིང་ལྡན་པར་ངོས་འཛིན་བྱེད་མཁན་ཉུང་བ་མ་ཟད། མི་མང་པོ་ཞིག་གིས་གློག་རྡུལ་ཡིག་ཆ་གསོག་བྱེད་ཀྱི་དྲ་ཐོག་གི་མཐུན་རྐྱེན་དེ་དག་གི་ཁོངས་སུ་རང་ཉིད་ལ་ག་རེ་ཡོད་མེད་བརྗེད་འགྲོ་གི་ཡོད།

(h) གློག་རྡུལ་ཡིག་ཆའི་རིགས་ནམ་རྒྱུན་གྱི་ཅ་ལག་ནང་བཞིན་རྙིང་རུལ་དུ་འགྲོ་རྒྱུ་མེད་པས། གློག་ཀླད་བེད་སྤྱོད་གཏོང་མཁན་གྱི་གང་ཟག་གིས་བསམ་བཞིན་དུ་གཙང་གསུབ་བྱེད་དགོས།

(i) དེང་སང་གློག་ཀླད་དང་ཁ་པར་སོགས་ཀྱི་ནང་དུ་ཡིག་ཆ་ཧ་ཅང་ཕོན་ཆེན་པོ་ཉར་ཐུབ་ཀྱི་ཡོད་ལ། དེ་ལ་གོང་ཆེན་པོ་ཡང་སྤྲོད་དགོས་ཀྱི་མེད། དེར་བརྟེན། གློག་རྡུལ་ཡིག་ཆ་གསོག་ཉར་གྱི་རིན་གོང་ཐད་ལ་སེམས་ཁྲལ་རྩ་བ་ནས་བྱེད་དགོས་ཀྱི་མེད།

(j)དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་ངོས་ནས་སོ་སོའི་སྒེར་གྱི་གཞི་གྲངས་ཁག་བཟོ་ཚོང་ཁང་དང་སྲིད་གཞུང་གང་རུང་གིས་ལྐོག་ཏུ་གསོག་ཉར་བྱེད་ཀྱི་ཡོད་པ་དེའི་སྐོར་ལ་སེམས་འཚབ་བྱེད་ཀྱི་མེད་ཚེ། ཁོང་ཚོས་སོ་སོ་རང་ངོས་ནས་དྲ་ཐོག་དང་གློག་ཀླད་ནང་དུ་གློག་རྡུལ་ཡིག་ཆ་གང་མང་གསོག་ཉར་བྱེད་པ་དེ་རྙོག་འཛིང་ལྡན་པའི་གནད་དོན་ཞིག་ལ་ངོས་འཛིན་མི་བྱེད།

༦ གློག་རྡུལ་ཡིག་ཆ་གསོག་ཉར་གྱི་ཉེས་སྐྱོན།

(a) གློག་རྡུལ་ཡིག་ཆ་གསོག་ཉར་བྱེད་རྒྱུ་མང་དྲགས་ན། དགོས་མེད་ཀྱི་ཡིག་ཆ་མང་པོའི་གྲས་ནས་རང་ཉིད་ཀྱིས་འཚོལ་བཞིན་པའི་ཡིག་ཆ་གང་རུང་དེ་རྙེད་རྒྱུ་ཧ་ཅང་དཀའ།

(b) གློག་རྡུལ་ཡིག་ཆ་གསོག་རྒྱུ་མང་དྲགས་ན། དེའི་གློག་ཀླད་དང་ཁ་པར་ནང་གི་མཁྲེགས་ཆས་ཀྱི་སྟོང་ཆ་མང་པོ་ཟིན་གྱི་ཡོད་སྟབས། གློག་རྡུལ་ཡིག་ཆ་བསག་སའི་སྟོང་ཆ་འཕར་མ་དགོས་སྲིད།

(c) གློག་རྡུལ་གྱི་རྙོག་འཛིང་དེ་སེམས་པར་གནོན་ཤུགས་ཀྱང་སྤྲོད་ངེས་པ་མ་ཟད། དེའི་ཆེད་དུ་དུས་ཚོད་མང་པོ་གཏོང་དགོས་ལ། དུས་རྒྱུན་དོ་སྣང་ཡང་བྱེད་དགོས།

དཔེར་ན། གློག་འཕྲིན་ཡིག་ཟམ་གྱི་ཡིག་སྒམ་ནང་ཡི་གེ་མང་པོ་བསགས་ན། ཡིག་ཟམ་བེད་སྤྱོད་གཏོང་མཁན་གྱི་མི་དེས་ཡིག་སྒམ་ཁ་བསྔོགས་དུས། དུས་ཚོད་མང་པོ་འཕྲོག་བརླག་འགྲོ་སྲིད།

(d) སྒེར་གྱི་གསང་བ་དང་འབྲེལ་བའི་པར་རིས་དང་བརྙན་སོགས་དགོས་མེད་གསོག་ཉར་བྱས་ཡོད་པ་དེ། མི་གཞན་གྱི་ལག་ཏུ་ཤོར་ན། དེས་ཁྱེད་ལ་དཀའ་ལས་ཆེན་པོ་བཟོ་ངེས།

(e) གསོག་ཉར་བྱས་པའི་གློག་རྡུལ་ཡིག་ཆ་ཁག་གི་ནང་དོན་དེ་དཀའ་ངལ་ཞིག་ཆགས་ཀྱི་མེད་རུང་། མི་གཞན་ལ་ཡིག་ཆ་དེ་དག་གི་ནང་དོན་ཧ་གོ་བ་དང་རྐུ་འཁྱེར་བྱེད་པའི་ནུས་པ་ཡོད་པ་དེ་དཀའ་ངལ་ཞིག་རེད།

comments powered by Disqus