«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས»གླེང་བ།

དུས་རབས་ཉེར་གཅིག་པའི་འཐབ་འཛིང་གི་གཡུལ་ས་ཆེན་པོ་དེ་དྲ་རྒྱའི་ནང་དུ་ཡོད་ཅེས་གསུངས་པ་བཞིན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་རང་རང་གི་ས་ཁོངས་སུ་དྲ་རྒྱའི་བཅའ་ཁྲིམས་ནན་པོ་བཟོས་ཏེ། མི་སྒེར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཞིན། རང་རྒྱལ་གྱིས་ཀྱང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འབོད་ཚིག་ཁྲོད་དུ། ཕྱི་ལོ་༢༠༡༧་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་ནས་བཟུང་སྟེ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་བཅའ་ཁྲིམས»«中华人民共和国网络安全法»དངོས་སུ་ལག་བསྟར་བྱས་ཡོད།
དེ་ན་《དྲ་བའི་བདེ་འཇགས་བཅའ་ཁྲིམས》ཀྱི་སྤྱིའི་རྩ་དོན་ལྟེ་བ་ཁག་གང་དག་ཡིན་ཞེ་ན།``
༡ ༽ ཁ་པར་དང་དྲ་རྒྱའི་བཟོ་ཚོང་ཁང་ཆེ་ཁག་གིས་ངོས་ནས། རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་པའི་གནས་ཚུལ་རིགས་ཞིབ་བཤེར་བྱེད་དགོས་པ་དང་། དྲ་ལམ་གྱི་མི་མིང་མེད་རིགས་དམ་དྲག་བྱེད་དགོས། དེ་མ་ཟད། བཟོ་ཚོང་ཁང་ཁག་གིས་དྲ་རྒྱ་བེད་སྤྱོད་བྱེད་མཁན་གྱི་གང་ཟག་གི་མིང་དངོས་དང་སྒེར་གྱི་གནས་ཚུལ་རིགས་བསྡུ་རུབ་བྱེད་དགོས།
༢ ༽ དྲ་བའི་ཞབས་ཞུ་སྤྲོད་མཁན་ཚོས་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་གྱི་གང་ཟག་གི་གཞི་གྲངས་རིགས་རང་རྒྱལ་གྱི་རྒྱལ་ཁོངས་སུ་ཉར་དགོས་པ་དང་། གལ་ཏེ། གཞི་གྲངས(数据)་རིགས་རྒྱལ་ཁབ་ཀྱི་ཕྱི་ལོགས་སུ་གཏོང་དགོས་བྱུང་ཚེ། བདེ་འཇགས་དཔྱད་ཞིབ་ཀྱི་ཆེད་དུ་དང་ཐོག་གཞི་གྲངས་དེ་སྲིད་གཞུང་ལ་ཡར་སྤྲོད་བྱེད་དགོས།
༣ ༽ བཟོ་ཚོང་ཁང་ཁག་གིས་གསལ་ཁ་མེད་པའི་དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་བྱུང་བ་ཡིན་ན། དེ་དག་སྟངས་འཛིན་ནན་མོ་བྱེད་དགོས་ལ། སྲིད་གཞུང་ལའང་ཡར་ཞུ་བྱེད་དགོས། དེ་མ་ཟད། བདེ་འཇགས་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་རྐྱེན་དེ་རིགས་ལ་ཞིབ་དཔྱོད་བྱེད་པའི་སྐབས་སུ། བཟོ་ཚོང་ཁང་ཁག་གི་ངོས་ནས་རྒྱབ་སྐྱོར་བྱེད་དགོས་ལ། ག་དུས་ཡིན་ཡང་། སྲིད་གཞུང་གི་ལམ་སྟོན་དང་ལེན་བྱེད་དགོས།
༤ ༽ མི་སྒེར་གྱིས་དྲ་རྒྱ་བེད་སྤྱོད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཉེན་ཁའི་གནས་སུ་བསྐྱལ་བ་དང་། མཐར་ལྷུང་རིང་ལུགས་(极端主义)དང་འཇིགས་སྐུལ་རིང་ལུགས། མི་རིགས་དབར་གྱི་ཞེ་འཁོན་དང་མི་རིགས་དབྱེ་འབྱེད་རིགས་སྐུལ་སློང་བྱེད་པ། ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཏེ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་གཏོར་བརླག་གཏོང་བ་སོགས་བཀག་སྡོམ་བྱེད་དགོས་པ་དང་། གནས་ཚུལ་རྫུན་སྒྲིག་དང་ཁྱབ་སྤེལ་བྱས་ཏེ་དཔལ་འབྱོར་གྱི་གོ་རིམ་(经济秩序)ལ་གནོད་སྐྱོན་གཏོང་བ་སོགས་དོ་དམ་བྱེད་དགོས་ཀྱི་ཡོད། ཁྲིམས་འགལ་གྱི་ནག་ཉེས་འདི་རིགས་རྒྱལ་ཁབ་ཀྱི་ཉེས་ཁྲིམས་(刑法)ཁོངས་སུ་བཅུག་ཡོད་པས། ནག་ཉེས་འདི་དག་བསགས་ན། ལོ་མང་རིང་བཙོན་འཇུག་གི་ཉེས་ཆད་ཕོག་གི་ཡོད།
༥ ༽ གཞུང་འབྲེལ་མ་ཡིན་པའི་བཟོ་ཚོང་ཁང་ཁག་གིས་མི་སྒེར་གྱི་གཞི་གྲངས་ངེས་པར་སྲུང་སྐྱོབ་བྱེད་དགོས་པ་དང་། མ་ལག་ཁོངས་ནས་བདེ་འཇགས་དང་འབྲེལ་བའི་སྐྱོན་ཆ་དང་འགལ་འཛོལ་རིགས་བྱུང་ཚེ། མི་སྒེར་ལ་དུས་ཐོག་ཏུ་བརྡ་ལན་སྤྲོད་དགོས་པ་སོགས། སྒེར་གྱི་གསང་རྒྱ་སྲུང་སྐྱོབ་དང་ཁག་ཐེག་བྱེད་པའི་གནད་དོན་ཡང་《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཁོངས་སུ་བཅུག་ཡོད་ཀྱང་། རང་རྒྱལ་གྱི་དྲ་རྒྱའི་བཅའ་ཁྲིམས་ཀྱིས། མི་སྒེར་གྱི་གསང་རྒྱའི་ཐོབ་ཐང་དེ་དོན་དངོས་ལག་ལེན་གྱི་ཐོག་ཏུ་སྲུང་སྐྱོབ་འདང་ངེས་བྱེད་ཐུབ་ཀྱི་མེད།
༦ ༽ གསར་འགོད་པ་དང་ཚོང་པ། མི་སྒེར་བ་བཅས་ཀྱིས་སྣང་བརྙན་སྒེར་གྱི་དྲ་བའམ་ VPN བེད་སྤྱོད་བྱས་ཏེ། རང་རྒྱལ་གྱི་དྲ་རྒྱའི་བཀག་སྡོམ་ལ་གཡོལ་བའི་(穿越防火墙)བྱེད་ལས་རིགས་ནག་ཉེས་ཀྱི་གྲས་སུ་བརྩི་གི་ཡོད་པ་དང་། མཉེན་ཆས་དེ་རིགས་འཇིགས་སྐུལ་བའི་མཉེན་ཆས་སུ་ངོས་འཛིན་བྱེད་ཀྱི་ཡོད།
དྲ་རྒྱའི་བདེ་འཇགས་དང་འབྲེལ་བའི་ལག་ལེན་འདི་དག་གསར་པ་གང་ཡང་མིན་ཀྱང་། འདི་དག《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་ཁོངས་སུ་བཅུག་པ་དེས། སྲིད་གཞུང་གི་ངོས་ནས་ཁྲིམས་ལུགས་ལག་བསྟར་ནན་མོ་བྱས་ཏེ། འཕྲུལ་རིག་བཟོ་ཚོང་ཁང་ཁག་གིས་དྲ་རྒྱའི་བཅའ་ཁྲིམས་ལག་ལེན་གྱི་འགན་འཁྲི་གཡོལ་ཐབས་མེད་པ་བཟོ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་ལ།སྤྱི་ལོ་༢༠༡༣་ལོའི་ཟླ་༣་པའི་ནང་། བློ་མཐུན་ཞི་ཅིན་ཕིན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་པ་ནས་བཟུང་།དྲ་རྒྱ་དོ་དམ་གྱི་ཚད་གཞི་སྔར་ལས་ཆེ་རུ་བཏང་ཡོད།
《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ནི་“དྲ་བའི་བདེ་འཇགས་འགན་བླངས་ཏེ། དྲ་བའི་བར་སྟོང་བདག་དབང་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཐུན་མོང་གི་ཁེ་ཕན” བཅས་ཀྱི་ཆེད་དུ་དམིགས་ཏེ། སྤྱི་ལོ་༢༠༡༤་ལོར་བཟོས་པའི་བཅའ་ཁྲིམས་ཤིག་ཡིན་ལ། དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་གང་དང་གང་ཡིན་རུང་། དེས་སྨྲ་བརྗོད་རང་དབང་དང་། སྒེར་གྱི་གསང་རྒྱ། འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། དྲ་བརྒྱུད་འབྲེལ་མཐུད་ཀྱི་བདེ་འཇགས་གོང་མཐོར་གཏོང་དགོས་སོ།།