ཀྲེ་ཅང་ཞིང་ཆེན་ཚན་རྩལ་སྤྱི་གཉེར་ཁང་ཞིག་གི་བརྡ་ཁྱབ།

ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དམག་འཁྲུག་(中美经济战)གི་རྦ་རླབས་གྱེན་དུ་འཕྱུར་བཞིན་པའི་སྐབས་སུ། ཀྲུང་གོའི་ཧྭ་ཝེ་བཟོ་ཚོང་ཁང་གི་འགན་འཛིན་གཞོན་པ་མུན་ཝན་ཀྲིག་(孟晚舟)ཨ་རིའི་གཞུང་གི་རེ་སྐུལ་ལྟར། ཁེ་ན་ཌའི་ནང་དུ་འཛིན་བཟུང་བྱས་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལས་རྣོ་ངར་ཅན་དུ་གྱུར་ཡོད།
དུས་མཚུངས་སུ། ཀྲེ་ཅང་ཞིང་ཆེན་ཚན་རྩལ་སྤྱི་གཉེར་ཁང་ཞིག་གིས་ཨ་རིའི་ཁ་པར་ཀུ་ཤུའི་(苹果)ཚབ་ཏུ་ཧྭ་ཝེ་(华为)ཁ་པར་ཉོ་དགོས་པའི་བརྡ་ཁྱབ་ཞིག་སྤེལ་ཡོད་པ་དེ་དྲ་སྟེང་དུ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད། དེ་ན་ང་ཚོས་བརྡ་ཁྱབ་དེའི་ནང་དོན་ལ་ཞིབ་ཏུ་ལྟ་ཆོག
བརྡ་ཁྱབ་ཀྱི་དོན་ཚན་དང་པོ།
སྤྱི་གཉེར་ཁང་གི་ལས་མི་ཚོས་ཀུ་ཤུའི་ཁ་པར་རིགས་ཉོ་མི་ཆོག་པ་དང་། སྤྱི་གཉེར་ཁང་གིས་སྒྲིག་ཁྲིམས་ལ་འགལ་མཁན་གྱི་ལས་མི་ཚོའི་གོ་གནས་འཕར་བའི་གོ་སྐབས་དང་། འཚོ་སྣོན་རོགས་དངུལ་སོགས་མེད་པ་བཟོ་ངེས། སྒྲིག་ཁྲིམས་འདི་ནི་རྒྱལ་ཞེན་གྱི་བྱེད་ལས་ཤིག་ཡིན་རུང་། ཁ་པར་གང་ཉོ་བ་དེ་མི་སྒེར་གྱི་འདོད་པ་ཡིན་པས། སྒྲིག་ཁྲིམས་དེས་མི་སྒེར་གྱི་རང་དབང་དང་འདོད་མོས་ལ་དོ་ཕོག་བཏང་ཡོད།
དོན་ཚན་གཉིས་པ།
སྤྱི་གཉེར་ཁང་གི་ལས་མི་ཚོར་ཧྭ་ཝེ་ཁ་པར་ཉོ་བའི་སྐུལ་མ་བྱས་ཏེ། ཧྭ་ཝེ་ཁ་པར་ཉོ་མཁན་ལ་གླ་ཆའི་བརྒྱ་ཆ་༢༠་ནས་༥༠ དབར་གྱི་འཚོ་སྣོན་རོགས་དངུལ་སྤྲོད་རྒྱུ་ཞེས་བཀོད་ཡོད། འཚོ་སྣོན་རོགས་དངུལ་རེག་འདོད་མཁན་གྱི་ལས་མི་ཚོར། ཧྭ་ཝེ་ཁ་པར་ཉོ་བའི་འདོད་མོས་ཡོད་སྲིད་པས། ཁོང་ཚོར་མཚོན་ན། གནས་ཚུལ་དེ་དགའ་འོས་པ་ཞིག་ཆགས་ཡོད། དུས་མཚུངས་སུ། བཟོ་ཚོང་ཁང་དག་ཀྱང་རྒྱལ་ཞེན་གྱི་ས་བོན་འབུས་ས་ཞིག་ཆགས་ཡོད་དེ།ཀྲེ་ཅང་ཞིང་ཆེན་གྱི་ཚན་རྩལ་སྤྱི་གཉེར་ཁང་གི་བརྡ་ཁྱབ་འདིས། ང་ཚོར་ལོ་ཁ་ཤས་སྔོན་དུ། འཇར་པན་གྱི་ཚོང་རྫས་རིགས་ཉོ་ཚོང་མཚམས་འཇོག་བྱེད་པའི་གནས་ཚུལ་དེ་བསྐྱར་དུ་དྲན་གསོ་བསླངས་བྱུང་། ང་ཚོས་མང་ཚོགས་ཀྱི་སེམས་ཚོར་ཧ་གོ་ཐུབ། འོན་ཀྱང་། ཚོར་ཤུགས་དེས་གཞན་གྱི་རྒྱུན་ལྡན་གྱི་འཚོ་བར་གནོད་སྐྱོན་གཏོང་གི་ཡོད་ལ། སྤྱིར་བཏང་གི་བཟོ་ཚོང་ཁང་དང་སྤྱི་གཉེར་ཁང་ཁག་གི་མཐར་ཐུག་གི་དམིགས་ཡུལ་ཁེ་སྤོགས་བཟོ་རྒྱུ་དེ་ཡིན་པས། མི་ཚོས་ཀུ་ཤུའི་ཁ་པར་སྤངས་ཏེ་ཧྭ་ཝེ་ཁ་པར་ཉོ་དགོས་ཟེར་བའི་ཀྲེ་ཅང་ཞིང་ཆེན་ཚན་རྩལ་སྤྱི་གཉེར་ཁང་གི་བརྡ་ཁྱབ་ཀྱི་དོན་ཚན་ཆ་ཚང་ངོས་ལེན་བྱེད་མི་རུང་།
ཁ་པར་གྱི་ཚོང་རྟགས་གང་བེད་སྤྱོད་གཏོང་དགོས་མིན་གྱི་སྒྲིག་ཁྲིམས་དེ་མི་སྒེར་གྱི་སྟེང་དུ་བཙན་འགལ་བྱེད་མི་རུང་། གང་ཡིན་ཞེ་ན། མི་ཁ་ཤས་ཀུ་ཤུའི་ལྟ་བུའི་ཁ་པར་ཚོང་རྟགས་ཁོ་ན་ལ་དགའ། འོན་ཀྱང་། ཁོང་ཚོ་ཀུ་ཤུའི་ཁ་པར་ལ་དགའ་བའི་རྒྱུ་མཚན་གྱིས། ཁོང་ཚོའི་གོ་གནས་འཕར་བའི་གོ་སྐབས་དེ་འཕྲོག་མི་རུང་། ང་ཚོས་ཚོད་དཔག་བྱེད་ཆོག་པ་ཞིག་ནི། ཀྲེ་ཅང་ཞིང་ཆེན་ཚན་རྩལ་སྤྱི་གཉེར་ཁང་གི་བདག་པོར་རྒྱལ་ཞེན་གྱི་ངར་ཤུགས་གཅིག་པུ་མ་གཏོགས། ངེས་གཏན་གྱི་དམིགས་ཡུལ་གསལ་པོ་མེད། སྤྱི་གཉེར་ཁང་འདིས་བརྡ་ཁྱབ་འདི་འདྲ་ཞིག་སྤེལ་ཏེ་སོ་སོ་སྐད་གྲགས་ཆེན་པོ་བཟོ་འདོད་ཡོད་སྲིད་ལ། གནས་ཚུལ་འདིའི་ལམ་ཁ་བརྒྱུད་དེ་ཚོང་ཟོག་འབྲེལ་ལམ་གྱི་ཁྲོམ་རྭ་བཟོ་གི་ཡོད་སྲིད། གཅིག་བྱས་ན། ཚན་རྩལ་སྤྱི་གཉེར་ཁང་འདི་དང་ཧྭ་ཝེ་བཟོ་ཚོང་ཁང་གི་སྡེ་ཚན་གང་རུང་གཉིས་དབར་ལ་འབྲེལ་བ་ཡོད་སྲིད་ལ། མི་མང་གི་ཚོར་ཤུགས་བེད་སྤྱད་དེ་ཁོང་ཚོས་ཕྱོགས་གཉིས་ཀའི་ཁེ་ཕན་སྒྲུབ་ཀྱི་ཡོད་ཀྱང་སྲིད། གང་ལྟར་མི་ཚང་མར་རྒྱལ་ཞེན་དགོས་ཀྱང་། གཞན་ལ་གནོད་པ་སྐྱེལ་བའི་རྒྱལ་ཞེན་རིགས་སྐུལ་སློང་བྱེད་མི་རུང་ངོ་།།
ཡོངས་ཁུངས། https://t.cj.sina.com.cn/articles/view/6499624114/1836864b200100esut