སེམས་སོང་GALAXY 9 བསྐྱར་ཞིབ།

ད་ཆ་འཕྲུལ་རིག་གི་ཁྲོམ་རའི་ནང་དུ། ཀུ་ཤུའི་བཟོ་ཚོང་ཁང་གི་ཀུ་ཤུ་ཁ་པར X དང་དཔུང་པ་མཉམ་གཤིབ་ཀྱི་སྒོ་ནས་འགྲོ་བཞིན་པའི་སེམས་སོང་བཟོ་ཚོང་ཁང་གི་སེམས་སོང་Galaxy 9 སྐོར་ལ་བསྐྱར་ཞིབ་རོབ་ཙམ་བྱས་ན།
བཟོ་བཀོད་ཀྱི་ཁྱད་ཆོས།
སེམས་སོང་Galaxy 9 ཡི་ཕྱི་ཐུམ་ཤེལ་དང་ལྕགས་རིགས་ཀྱིས་གྲུབ་ཡོད་ལ།ལྗིད་ཚད་ལ་གྷི་རམ་(ཁེ) ༡༦༣་ཡོད། ཁ་པར་འདིས་ཐལ་རྡུལ་འགོག་ཐུབ་པ་མ་ཟད། གཏིང་ཚད་ལ་རྨིད1.5 ཡོད་པའི་ཆུ་ནང་དུ་ལྷུང་སྟེ། དུས་ཡུན་སྐར་མ་༣༠་ཙམ་འགོར་ཀྱང་། ཁ་པར་ལ་སྐྱོན་རྒྱག་གི་མེད་པའི་རྒྱལ་སྤྱིའི་བདེན་དཔང་གི་ཚད་གཞི IP68 ཟེར་བ་དེ་ཐོབ་ཡོད།
ཁ་པར་འདིའི་སྐད་སྒྲ་ཆེ་ཆུང་གཏོང་བྱེད་ཀྱི་འོག་ཏུ། ཀུ་ཤུའི་ཁ་པར་ནང་གི་SIRI་དང་ཆ་འདྲ་བའི་རང་ཉིད་ཀྱི་་དྲི་བ་ཁག་ལ་ཐད་ཀར་ལན་འདེབས་པའི་Bixby ཟེར་བའི་ཁྱད་ཆོས་ཤིག་བཟོས་ཡོད་པ་དེའི་དབང་གིས། ཁ་པར་འདི་རྒྱལ་སྤྱིའི་ཁྲོམ་རའི་ནང་རྒྱུག་ཆེན་པོ་འགྲོ་གི་ཡོད། ད་དུང་དེས་མ་ཚད། ཁ་པར་འདི་ལ་སྐུད་མེད་གློག་གསོག་གི་ཁྱད་ཆོས་འཕར་མ་ཡོད།
འཆར་ངོས།
སེམས་སོང་Galaxy 9 ཡི་འཆར་ངོས་ཀྱི་ཆེ་ཆུང་ནི 5.8-inch ཡིན་པ་དང་། ཁ་པར་གྱི་མདུན་ངོས་ཧྲིལ་པོ་འཆར་ངོས་བཟོས་ཡོད་པ་དེ་ཧ་ཅང་འོད་ཆེམ་ཆེམ་དང་སྤྲོ་སྣང་དོད་པོ་ཡོད། སྤྱིར་མཛུབ་གནོན་གྱི་བྱེད་ལས་ཧ་ཅང་ཡག་པོ་ཡོད་ཀྱང་། ཁ་པར་བེད་སྤྱོད་བྱེད་མཁན་ཁ་ཤས་ཀྱིས། དེའི་སྐོར་ལ་སྐྱོན་བརྗོད་བྱས་འདུག
པར་ཆས་ཀྱི་སྤུས་ཀ
སེམས་སོང་Galaxy 9 ཡི་གསར་གཏོད་ཀྱི་ཆ་ཆེ་ཤོས་དེ་ནི་ཁ་པར་གྱི་པར་ཆས་ཡིན་པ་དང་།ཁ་པར་འདིའི་པར་ཆས་ཀྱི་ཁྱད་ཆོས་གསར་པ་འདིས་ང་ཚོར་ཐུན་མོང་མ་ཡིན་པའི་ཚོར་བ་ཞིག་སྦྱིན་ནུས།འོད་ཀྱི་གནས་སྟངས་འདྲ་མིན་ལ་གཞིགས་ནས། པར་ཆས་ཀྱི་ཤེལ་མིག་བརྗེ་སྒྱུར་དང་སྙོམ་སྒྲིག་བྱེད་ཐུབ་སྟབས། ཉིན་མཚན་གྱི་དབྱེ་བ་མེད་པར། ཉི་འོད་ཡོད་ས་དང་མུན་ནག་གཉིས་ཀའི་ནང་ནས་པར་གྱི་སྤུས་ཀ་ཡག་ཤོས་དེ་ལེན་ཐུབ།གལ་ཏེ་ཕྱི་རོལ་དུ་འོད་ཆེན་པོ་ཡོད་ཚེ། པར་ཆས་ཀྱི་ཤེལ་མིག་གི་ཚད་གཞི་ f/2.4་ཅན་པ་དེ་བེད་སྤྱོད་བྱས་ཏེ། པར་དང་བརྙན་ལེན་ངེས་ལ།
དེ་ལས་ལྡོག་སྟེ། མུན་ནག་ཡིན་པའམ། འོད་ཞེ་དྲག་མེད་པའི་སྐབས་སུ། པར་ཆས་ཀྱི་ཤེལ་མིག་རྒྱ་ཆེ་རུ་བཏང་སྟེ། ཤེལ་མིག་གི་ཚད་གཞི་ f/1.5 ཅན་པ་དེའི་ནང་དུ། འོད་གང་མང་བསྡུ་ལེན་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་ཁ་པར་གྱི་པར་ཆས་རང་འགུལ་སྙོམ་སྒྲིག་གི་ཐོག་ཏུ་བཞག་པ་ཡིན་ན། པར་ཆས་ཀྱི་ཤེལ་མིག་གི་འགྱུར་བ་དེ་ཙམ་དོ་སྣང་མི་ཡོང་མོད། འོན་ཀྱང་། ཁྱེད་ཀྱིས་ཞིབ་ཏུ་གཟིགས་པ་ཡིན་ན། པར་ཆས་ཀྱི་ཤེལ་མིག་འགྱུར་བ་འགྲོ་གི་ཡོད་པ་མཐོང་ཐུབ། དེ་མ་ཟད། ཁ་པར་འདིའི་སྤྱིར་བཏང་གི་པར་ཆས་ཀྱི་ཤུགས་ཚད་དེ། megapixel ༡༢་རེད་འདུག་པས། དངོས་ནས་ཁྱད་དུ་འཕགས་པ་རེད་འདུག
སེམས་སོང་Galaxy 9 ཡི་ནང་གི་ཁྱད་ཆོས་གཞན་ཞིག་ནི། རང་ཉིད་ཀྱི་གདོང་གི་རྣམ་འགྱུར་འདྲ་མིན་ཐད་ཀར་པར་བླངས་ཏེ། སྦྱར་ཤོག་གི་ཁོངས་སུ་བཅུག་སྟེ། སོ་སོའི་གླེང་མོལ་གྱི་ནང་དུ་གཏང་ཆོག དེ་མ་ཟད། ཁ་པར་གྱི་པར་ཆས་ལ་ཡིག་སྒྱུར་གྱི་ནུས་པ་ཡོད་པ་མ་ཟད། རང་ཉིད་ཀྱི་ངོ་གདོང་ངོས་འཛིན་བྱས་པའི་ཐོག་ནས། ཁ་པར་རང་འགུལ་གྱི་སྒོ་ནས་སྒོ་འབྱེད་ཐུབ་ཀྱི་ཡོད།
སྒྲ་གཟུགས་ཀྱི་སྤུས་ཀ
སེམས་སོང་Galaxy 9 ལ་སྒྲ་སྒམ་གྱི་མ་ལག་གཉིས་ཡོད་པས། རོལ་དབྱངས་སོགས་གཏོང་དུས། སྒྲ་ཧ་ཅང་ཆེན་པོ་དང་གཙང་མ་ཡོད། དེ་མ་ཟད། ཁྱད་ཆོས་འཕར་མ་གཞན་ཞིག་ཡོད་པ་ནི། སྒྲ་སྒམ་གྱི་སྒང་ལ་ཡུལ་ལྗོངས་ཧྲིལ་པོའི་སྐད་སྒྲ་(དེ་ལས་སྐད་མཐོ་བ)ཟེར་བ་ཞིག་ཡོད་པ་དེ་རེད། ཁྱད་ཆོས་དེས་ཁྱེད་རང་ཟློས་གར་ཁང་ཆེན་མོ་ཞིག་གི་ནང་དུ་ཡོད་པའི་ཚོར་སྣང་སྟེར་སྲིད། འོན་ཀྱང་། ཁྱད་ཆོས་འདི་རང་འགུལ་གྱི་ཐོག་ནས་སྒྲིག་སྦྱོར་བྱས་མེད་པས། ཁྱེད་རང་ཁ་པར་གྱི་སྒྲིག་བཟོའི་ཁོངས་སུ་ཕྱིན་ཏེ། སྒྲིག་སྦྱོར་བྱེད་དགོས། ཁ་པར་འདིའི་ཚོན་མདོག་ཧ་ཅང་སྙིང་རྗེ་བོ་ཡོད་པ་མ་ཟད། འཆར་ངོས་འོད་ཆེམ་ཆེམ་ཡོད། འཆར་རིས་ཀྱི་ཤུགས་ཚད་Quad HD+ (2,960 × 1,440 pixel ཡིན་པས། བརྙན་པར་རིགས་ཀྱི་སྤུས་ཀ་ཧ་ཅང་རྣོན་པོ་དང་ཕྱུག་པོ་ཡོད།
ཤོང་ཚད་དང་གློག་རྫས།
ཁ་པར་འདིའི་སྤྱིར་བཏང་གི་ཤོང་ཚད་ནི། 64 GB ཡིན་ལ། གསོག་བྱང་བཞག་སྟེ། 256GB དབར་དུ་རྒྱ་བསྐྱེད་ཆོག ཁ་པར་གྱི་གློག་གི་འདང་ཚད་ནི། 3000mAh ཡིན།
རིན་གོང་།
ཤོང་ཚད 64G ལ་དམངས་སྒོར¥6199.00 དང་། ཤོང་ཚད 128G ལ་དམངས་སྒོར ¥6499.00 ཤོང་ཚད 256G་ལ་དམངས་སྒོར ¥7099.00 ཙམ་ཡིན།
— ཀུ་ཤུ་ཁ་པར X དང་སེམས་སོང་Galaxy 9 གཉིས་ཞིབ་བསྡུར་བྱེད་རྒྱུ་ཡིན་པས། ཚང་མས་སྔར་བཞིན་དོ་སྣང་བྱེད་རོགས།